ཀྲུང་གོས་ཁས་ལེན་མངོན་འགྱུར་བྱས་ནས་རྒྱལ་ཁབ་ཆེན་པོའི་འགན་འཁུར་བའི་རྣམ་པ་མངོན་པར་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདས་ཟིན་པའི་ལོ་ཤས་རིང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་རྩིས་ཁ་བགོས་ཀྱི་འགན་འཁུར་བ་སོགས་ཀྱི་ཐད་རང་ཉིད་ཀྱི་ཁས་ལེན་མངོན་འགྱུར་བྱས་ཡོད་པ་མ་ཟད། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་འཛམ་གླིང་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གནས་བབ་དེ་བས་གལ་ཆེ་བ་བཟུང་ཡོད་པ་དང་། རྒྱལ་ཁབ་ཆེན་པོའི་འགན་འཁུར་བའི་རྣམ་པ་བསྟན་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སེས་ཉིན་ཤས་གོང་ཀྲུང་གོས་ཉེ་བའི་ལོའི་ནང་མཉམ་འབྲེལ་རྒྱལ་ཚོགས་ལ་ལེགས་སྐྱེས་འབུལ་བའི་ཐད་གདེང་འཇོག་མཐོ་པོ་གནང་ཡོད། ཁོང་གིས། མིག་སྔར་ཕྱོགས་མང་རིང་ལུགས་ལ་འགྲན་རྩོད་ཆེན་པོ་འཕྲད་པ་དང་། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པ་དང་། ཕྱོགས་མང་སྒྲིག་སྲོལ་ལ་སྲུང་སྐྱོབ་ཧུར་ཐག་བྱས་པར་མི་རྣམས་ནས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་གྱི་ཡོད་པས། དེ་བས་འདྲ་མཉམ་དང་འཆམ་མཐུན་གྱི་འཛམ་གླིང་ཞིག་སྲུང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ཅེས་བསྟན་གནང་ཡོད།

ཀྲུང་གོའི་སྲིད་གཞུང་གིས་ད་ལོའི་སྤྱི་ཟླ་7པར་བཏོན་པའི་དུས་རབས་གསར་པའི་ཀྲུང་གོའི་རྒྱལ་སྲུང་ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱ་སྤྱོད་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཞི་སྲུང་བྱ་སྤྱོད་ཐད་མ་དངུལ་འདོན་མཁན་རྒྱལ་ཁབ་གཙོ་བོའི་གྲས་ཤིག་ཡིན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་རྒྱུན་བཀོད་ལས་འཛིན་རྒྱལ་ཁབ་ཁྲོད་དམག་མི་གཏོང་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ཡིན། སྤྱི་ལོ་2018ལོའི་ཟླ་བ་12པར། ཀྲུང་གོའི་དམག་དཔུང་གིས་རིམ་རྩིས་བྱས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་སྲུང་བྱ་སྤྱོད་ཁག་24ནང་ཞུགས་ཡོད་པ་དང་། ཞི་སྲུང་དམག་དོན་མི་སྣ་མི་ཐེངས་སུམ་ཁྲི་དགུ་སྟོང་ལྷག་བཏང་ཡོད་ཅིང་། ཀྲུང་གོའི་དམག་མི་13ཞི་སྲུང་གི་འཐབ་ས་དང་པོར་སྐུ་གཤེགས་ཡོད་ཅེས་བསྟན་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ད་ལོའི་སྤྱི་ཟླ་ལྔ་པའི་སྡོམ་རྩིས་ལ་གཞིགས་ན། མིག་སྔར་ཀྲུང་གོའི་དམག་མི་དང་ཉེན་རྟོག་པ་2500ཙམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སུའུ་ཏན་ལྷོ་མའི་དམིགས་བསལ་མངགས་གཏོང་ཚོགས་པ་དང་། ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་གནས་སྐབས་དཔུང་སྡེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལི་ལ་ཡོད་པའི་བང་རིམ་མང་བའི་ཕྱོགས་བསྡུས་བརྟན་ལྷིང་དམིགས་བསལ་མངགས་གཏོང་ཚོགས་པ་སོགས་ཚུད་པའི་ལས་འགན་ཁུལ་བརྒྱད་ལ་ཞི་སྲུང་ལས་འགན་སྒྲུབ་བཞིན་ཡོད་ཅིང་། དེའི་ནང་བུད་མེད་70ཚུད་ཡོད་པ་རེད།

སྤྱི་ལོ་2018ལོའི་ཟླ་བ་12པའི་ཚེས་22ཉིན། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་སྤྱི་ལོ་2019ལོ་ནས་སྤྱི་ལོ་2021བར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་སྔོན་རྩིས་དང་ཞི་སྲུང་སྔོན་རྩིས་འགྲོ་གྲོན་ཁ་བགོས་འགན་འཁུར་བསྡུར་ཚད་ཀྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། ད་རེས་ཀྱི་གྲོས་ཆོད་ལ་གཞིགས་ན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལྡན་སྔོན་རྩིས་འགྲོ་གྲོན་ཁྲོད་འགན་འཁུར་བའི་བསྡུར་ཚད་དེ་མིག་སྔའི་བརྒྱ་ཆ་7.92ནས་བརྒྱ་ཆ་12བར་མང་དུ་ཕྱིན་ཡོད་པ་དང་། འགན་འཁུར་བའི་བསྡུར་ཚད་དེ་ཐེངས་དང་པོར་ལྗར་པན་ལས་བརྒལ་ནས། མཉམ་འབྲེལ་རྒྱལ་ཚོགས་རྒྱུན་ལྡན་སྔོན་རྩིས་ཀྱི་མ་རྩ་འདོན་མཁན་རྒྱལ་ཁབ་ཨང་གཉིས་པར་འགྱུར་ཡོད་པ་རེད།

སྤྱི་ཟླ་5པའི་ཚེས་7ཉིན་བར་སླེབས་སྐབས། ཀྲུང་གོས་སྤྱི་ལོ་2019ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྔོན་རྩིས་འགྲོ་གྲོན་དང་ཁ་བགོས་འགན་འཁུར་མ་དངུལ་ཁག་འདང་ངེས་བསྐྱལ་ཟིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་འབྲེལ་ཡོད་ཕྱོགས་ཀྱིས། དེས་ཀྲུང་གོ་དེ་ཉིད་འགན་འཁུར་བའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱས་ཡོད་ལ། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་བྱ་བཞག་དང་ཕྱོགས་མང་རིང་ལུགས་ལ་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་པ་མངོན་ཡོད་ཅེས་བསྟན་ཡོད་པ་རེད།

སྤྱི་ལོ་2015ལོའི་ཟླ་བ་9པར། ཀྲུང་གོས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་རོགས་སྐྱོར་ཐེབས་རྩ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། དུས་མཚམས་དང་པོར་མ་དངུལ་ཨ་སྒོར་དུང་ཕྱུར་20མཁོ་འདོན་བྱས་ཡོད། སྤྱི་ལོ་2017ལོའི་ཟླ་བ་5པར། ཀྲུང་གོས་མ་དངུལ་ཨ་སྒོར་དུང་ཕྱུར་10སྣོན་གཏོང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཐེབས་རྩ་དེ་ཉིད་ཀྲུང་གོའི་སྲིད་གཞུང་གིས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་གྱིས་སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཆེད་མངགས་རོགས་སྐྱོར་ངོ་བོའི་ཐེབས་རྩ་ཞིག་ལ་འགྱུར་ཡོད་པ་རེད།

སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40སོང་ཚུན། ཀྲུང་གོའི་མི་དུང་ཕྱུར་7དབུལ་གྲོལ་ཐུབ་ནས། འཛམ་གླིང་ཧྲིལ་པོའི་དབུལ་ཕོངས་ཉུང་གཏོང་བྱ་གཞག་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོས་གྲོས་འགོ་བཏོན་པ་དང་སྐུལ་འདེད་བཏང་བ་བརྒྱུད། སྐབས་73པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ཐོག་སྤྱི་ལོ་2018ལོའི་ཟླ་བ་12པར་གྲོང་གསེབ་ཀྱི་དབུལ་ཕོངས་མེད་པ་བཟོ་བ་དང་། སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་ཅེས་པའི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ལོ་རྒྱུས་ཐོག་གྲོང་གསེབ་ཀྱི་དབུལ་ཕོངས་སེལ་བའི་གནད་དོན་ཐད་ཀྱི་གྲོས་ཆོད་ལ་གྲོས་འཆམ་ཡོང་ཐེངས་དང་པོ་ཡིན་ཞིང་། དེའི་དམིགས་ཡུལ་ནི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ལས་མཉམ་རྒྱལ་གྱི་སྙིང་སྟོབས་ཐོག་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་རོགས་རམ་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་ཆེད་ཡིན་པ་རེད།

གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད། ཀྲུང་གོས་གནམ་གཤིས་འགྱུར་བའི་༼ཕ་རི་སིའི་གྲོས་ཆོད་༽ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་བ་དང་། གནོད་མེད་འཕེལ་རྒྱས་སྐུལ་སྤེལ་བྱེད་བཞིན་ཡོད། སྤྱི་ལོ་༢༠༡༥ལོའི་ཟླ་བ་༩པའི་ནང་། ཀྲུང་གོས་མི་དམངས་ཤོག་སྒོར་དུང་ཕྱུར་༢༠༠བཏང་ནས་༼ཀྲུང་གོའི་གནམ་གཤིས་འགྱུར་བའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཐེབས་རྩ་༽འཛུགས་པ་བརྒྱུད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པར་རྒྱབ་སྐྱོབ་བྱ་རྒྱུར་སྤྱོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་འཛུགས་མཁན་གྱི་ཁོངས་གཏོགས་རྒྱལ་ཁབ་དང་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ངོས་ནས། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་དང་། དབྱི་རན་གྱི་རྡུལ་ཉིང་གནད་དོན། སི་རི་ཡའི་གནད་དོན་སོགས་ས་ཁུལ་གྱི་དོ་ཁུར་བྱེད་མང་བའི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱ་རྒྱུར་ཀྲུང་གོས་དགེ་མཚན་ལྡན་པའི་ངང་ཞུགས་པ་དང་། བཙན་དབང་རིང་ལུགས་དང་། ཕྱོགས་རྐྱང་པའི་རིང་ལུགས། ཚད་གཞི་གཉིས་ལྡན་བཅས་ལ་ངོ་རྒོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་བཀོད་ཇུས་རྣམས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱེད་པ་མ་ཟད་ལག་བསྟར་ནན་ཏན་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད།

ཁས་ལེན་ལ་སྣང་ཆེན་དང་། འགན་འཁྲི་ཁུར་ཕོད་པའི་ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བཞིན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།