ཡང་ཅེ་ཁྲེས་ནི་ཀྲི་རི་ཡའི་ཙུང་ཐུང་པུ་ཧ་ལི་དང་མཇལ་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ས་གནས་འདི་གའི་དུས་ཚོད་སྤྱི་ཟླ་༩ཚེས་༥ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་སྐུ་ཚབ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རིན་ཅང་ཅེ་ཁྲེ་ཡིས་ཨ་པུ་ཅར་ནི་ཀྲི་རི་ཡའི་ཙུང་ཐུང་པུ་ཧ་ལི་དང་མཇལ་མོལ་གནང་ཡོད་པ་རེད།

ཡང་ཅེ་ཁྲེ་ཡིས་པུ་ཧ་ལིར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། ཁོང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཆོག་གི་ཐུགས་འཁུར་དང་སྣེ་ཁྲིད་འོག ཀྲུང་གོ་དང་ནི་ཀྲི་རི་ཡའི་བར་གྱི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པ་ཤུགས་ཆེར་ཕྱིན་པ་དང་། ཕྱོགས་གཉིས་འབྲེལ་བ་ཡང་གོང་འཕེལ་མགྱོགས་མྱུར་ཕྱིན་ཡོད། ཀྲུང་གོ་དང་ནི་ཀྲི་རི་ཡས་མཐོ་རིམ་བར་གྱི་འགྲོ་འོང་ལ་རིམ་བཞིན་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོས་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་དོན་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་འདུག

པུ་ཧ་ལིས་ཡང་ཅེ་ཁྲེར་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་རོགས་ཞེས་ཞུས་ཡོད། པུ་ཧ་ལིས། ཀྲུང་གོ་ནི་ནི་ཀྲི་རི་ཡའི་གལ་ཆེའི་མཉམ་ལས་རོགས་པ་རེད། ནི་ཀྲི་རི་ཡའི་ཕྱོགས་ནས་ཀྲུང་གོས་ཡུན་རིང་ནང་ནི་ཀྲི་རི་ཡའི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ཐད་ཤུགས་ཆེའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་བ་ནི་ཀྲི་རི་ཡར་མ་འཇོག་དང་ལས་ཀ་བྱེད་པ་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན། ནི་ཀྲི་རི་ཡའི་ཕྱོགས་ནས་ཀྱང་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་དང་ལྷན་དུ་ཀྲུང་གོ་དང་ཨ་ཧྥི་རི་ཁའི་མཉམ་ལས་གླིང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། ནི་ཀྲི་རི་ཡ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་པའི་འབྲེལ་བ་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།