ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཨུད་ཀྱི་ཁྲིམས་སྲོལ་ཁང་གི་འབྲེལ་ཡོད་འགན་འཁུར་བས་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བརྩད་གཅོད་སྲོལ་ཡིག་གི་གཙོ་གནད་ནང་དོན་ཐད་གསར་འགོད་པའི་བཅར་འདྲི་དང་ལེན་གནང་བ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསར་དུ་བཟོ་བཅོས་བྱས་པའི་ཀྲུང་གོ་གུང་ཁྲན་ཏང་གི་འགན་འཁྲི་བརྩད་གཅོད་སྲོལ་ཡིག་དེས་ཏང་གིས་འགན་འཁྲི་བརྩད་གཅོད་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱབ་ཡོད་པ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་འགན་འཁྲི་བརྩད་གཅོད་ལས་དོན་སྤེལ་བའི་ཆབ་སྲིད་འགན་འཁྲི་སྔར་བས་གསལ་པོ་བཟོས་ཡོད་པ་རེད།

ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཁྲིམས་སྲོལ་ཁང་གི་ཀྲུའུ་རེན་ཙའུ་ཁའེ་ཧོང་གིས། སྲོལ་ཡིག་གསར་པའི་ནང་རིམ་ཁག་རྩ་འཛུགས་ཀྱིས་འགན་འཁྲི་བརྩད་གཅོད་ལས་དོན་སྤེལ་བའི་ལས་གནས་འགན་འཁྲི་སྔར་བས་ཞིབ་ཕྲ་བཟོས་ཡོད་པ་དང་། ཏང་ཨུད་དང་ཏང་ཙུའུ་ཡིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་གཙོ་གཟུགས་འགན་འཁྲི་འཁུར་བ་དང་། རང་ས་ཁུལ་དང་རང་ཚན་པ། རང་ལས་ཁུངས་བཅས་ཀྱི་འགན་འཁྲི་བརྩད་གཅོད་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་གྱི་ཆེད་མངགས་འགན་འཁྲི་ལག་བསྟར་བྱེད་པ་དང་། རིམ་ཁག་ཏང་ཨུད་ནས་འགན་འཁྲི་བརྩད་གཅོད་ལས་དོན་སྤེལ་རྒྱུར་རོགས་འདེགས་བྱེད་པ། ཏང་གི་ལས་དོན་ལས་ཁུངས་ཀྱིས་འགན་ནུས་ལྟར་ལྟ་སྐུལ་འགན་འཁྲི་ལག་བསྟར་བྱེད་པ་དང་། རང་ལས་ཁུངས་དང་རང་ཁོངས་གཏོགས། རང་ཁྱབ་ཁོངས་བཅས་ཀྱི་འགན་འཁྲི་བརྩད་གཅོད་ལས་དོན་ལག་བསྟར་བྱེད་པ་བཅས་ཀྱི་གཏན་འབེབས་བྱས་ཡོད་ཅེས་ངོ་སྤྲོད་གནང་བ་དང་། ཙའུ་ཁའེ་ཧོང་གིས། གཏན་འབེབ་དེ་རིགས་ལ་དམིགས་སའི་རང་བཞིན་ཆེན་པོ་ལྡན་ཡོད། ས་ཁུལ་དང་ཚན་པ་ཁག་གཅིག་གི་འགན་འཁྲི་བརྩད་གཅོད་ལག་ལེན་ཁྲོད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་གྱི་ཆེད་མངགས་འགན་འཁྲི་མང་རྩམ་འཁུར་བ་དང་། ཏང་ཨུད་དང་ཏང་ཙུའུ། ཏང་གི་ལས་དོན་ལས་ཁུངས་བཅས་ཁག་གཅིག་ལ་འགན་འཁྲི་ལག་བསྟར་མི་འདང་བའི་གནད་དོན་གནས་ཡོད། བཟོ་བཅོས་བྱས་པའི་སྲོལ་ཡིག་དེས་ཏང་རྩ་འཛུགས་ཀྱི་འགན་འཁྲི་བརྩད་གཅོད་ཀྱི་ལས་གནས་འགན་འཁྲི་ཞིབ་ཕྲ་བཟོས་ཡོད་པ་དང་། ཏང་གིས་འགན་འཁྲི་བརྩད་གཅོད་ལས་དོན་ལ་གཅིག་གྱུར་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱབ་ཡོད་ལ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་སྔར་བས་གསལ་པོ་བཟོས་ཡོད་པས། རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་། ལམ་ལུགས་ཀྱི་ནན་པོའི་རང་བཞིན་འཛུགས་ཐུབ་པ་བྱས་ཡོད་ཅེས་བསྟན་ཡོད་པ་རེད།

སྲོལ་ཡིག་གསར་པའི་ནང་འགན་འཁྲི་བརྩད་གཅོད་གནས་ཚུལ་སྔར་བས་ཕུན་སུམ་ཚོགས་སུ་དང་ཞིབ་ཕྲ་བཟོས་ཡོད་ཅིང་། སྔར་ཡོད་ཀྱི་འགན་འཁྲི་བརྩད་གཅོད་ཀྱི་གནས་ཚུལ་རིགས་ཆེ་བ་6དེ་རིགས་ཆེ་བ་11ལ་བཟོ་བཅོས་བྱས་ཡོད། དེའི་ཁྲོད་རིགས་ཆེ་བ་9པ་དང་10པ་ནི་གསར་དུ་སྣོན་པའི་འགན་འཁྲི་བརྩད་གཅོད་གནས་ཚུལ་ཡིན། དོན་ཚན་དགུ་པའི་ནང་འབུར་དུ་ཐོན་པ་ནི་མི་དམངས་མང་ཚོགས་ཀྱི་ཆེས་དོ་ཁུར་དང་ཆེས་ཐད་ཀར། ཆེས་དོན་དངོས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ཐད་འགན་མི་འཁུར་བའི་གནད་དོན་ལ་འགན་འཁྲི་བརྩད་གཅོད་བྱ་རྒྱུ་དེ་ཡིན། དཔེར་ན་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། བཟའ་རིགས་དང་སྨན་རྫས་བདེ་འཇགས། དབུལ་སྐྱོར་དང་དབུལ་གྲོལ་སོགས་ཡིན། དེས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་པ་མངོན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། དབང་འདུས།