ལི་ཁེ་ཆང་གིས་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ལི་དང་ཞལ་པར་བསྐྱོན་རེས་གནང་བ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་༩ཚེས་༤ཉིན་གྱི་དགོང་མོ་ཞལ་ཆད་ལྟར་འཇར་མན་གྱི་ཙུང་ལི་དང་ཞལ་པར་བསྐྱོན་རེས་གནང་བ་དང་རྒྱལ་ཁབ་གཉིས་པོའི་ཙུང་ལི་རྣམ་གཉིས་ཀྱིས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་དང་མཉམ་ལས་ལ་འཕེལ་ཚུལ་ཐོན་པར་གདེང་འཇོག་བཟང་པོ་གནང་ཡོད་པ་རེད།

མོ་ཁེར་གྱིས། འཇར་མན་ཕྱོགས་ནས་ཀྲུང་གོ་དང་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་ང་རང་ནས་ཀྲུང་གོར་བྱ་རྒྱུའི་འཚམས་འདྲི་ཐེངས་༡༢པར་རེ་སྒུག་བྱེད་པ་དང་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་དུ་གཏོང་བ། འཇར་མན་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་མདུན་དུ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འཕྲད་ཡོད་པ། ཕྱོགས་གཉིས་འབྲེལ་བའི་གོང་འཕེལ་འགྲོ་ཚུལ་བཟང་པོ་རྒྱུན་འཁྱོངས་བྱེད་རྒྱུའི་བརྡ་འཕྲིན་བཟང་པོ་གཏོང་རྒྱུ་ཡིན་ཞེས་གསུངས་འདུག

ལི་ཁེ་ཆང་གིས། མོ་ཁེར་ཀྲུང་གོར་འཚམས་འདྲི་གནང་བ་ཕེབས་རྒྱུར་དགའ་བསུ་ཞུས་གནང་བ་མ་ཟད་མིག་སྔའི་རྒྱལ་སྤྱིའི་དུས་བབ་ལ་གཏིང་ཟབ་པ་དང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་བའི་གནས་ཚུལ་འོག་ཀྲུང་གོ་དང་འཇར་མན་མདུན་དུ་ཐུན་མོང་གི་འགྲན་རྩོད་མི་ཉུང་བ་འཕྲད་ཡོད། ཀྲུང་གོའི་ཕྱོགས་ནས་འཇར་མན་ཕྱོགས་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་བསམ་ཤེས་དང་ཕན་ཚུལ་ཡིད་ཆེས་བྱེད་རྒྱུ་ཇེ་ཟབ་དུ་གཏོང་བ་དང་ཁྱོན་ཡོངས་མཉམ་ལས་གཏིང་ཟབ་དུ་གཏོང་བ། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་འདུག

རྒྱལ་ཁབ་གཉིས་པོའི་ཙུང་ལིས་ད་དུང་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་གསུང་རེས་གནང་འདུག ཧོ་ལི་ཧྥུང་སོགས་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།