ཤང་ཀང་ལས་རིགས་ཁག་གི་མི་སྣས་ཤང་ཀང་སྤྱི་ཚོགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་གྲོང་མི་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤང་ཀང་ལས་རིགས་ཁག་གི་མི་སྣས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨོ་མོན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཤང་ཀང་གི་དཔལ་འབྱོར་གོང་འཕེལ་དང་དམངས་ཀྱི་འཚོ་བ་ལེགས་བཅོས་ལ་གཞིག་པའི་རེ་འབོད་ནི་དགོས་ངེས་ཤིག་དང་། ཤང་ཀང་སྤྱི་ཚོགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་གྲོང་མི་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་བསྟན་པ།

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཤང་ཀང་ལས་རིགས་ཁག་གི་མི་སྣས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨོ་མོན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་སྤྱི་ཚེས་༣ཉིན་ཤང་ཀང་གི་དཔལ་འབྱོར་གོང་འཕེལ་དང་དམངས་ཀྱི་འཚོ་བ་ལེགས་བཅོས་ལ་གཞིགས་པའི་རེ་འབོད་གནང་བ་ནི་དགོས་ངེས་ཤིག་དང་། ཤང་ཀང་སྤྱི་ཚོགས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་གྲོང་མི་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས་ཞེས་བསྟན་ཡོད།

ཤང་ཀང་གི་གཞི་རྩའི་བཅའ་ཁྲིམས་ཁྱབ་གདལ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཤང་ཀང་ཀྲུང་ཧྭ་སྤྱི་ཁྱབ་ཚོང་ཚོགས་ཀྱི་རྒྱུན་ལས་ལས་འཛིན་ཀྲང་ཅུན་ཡོང་གིས། ང་ཚོས་དཔལ་འབྱོར་དང་དམངས་ཀྱི་འཚོ་བའི་ཐད་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས། ཀུང་སི་མང་པོ་ཞིག་བརྡིབས་འགྲོ་བཞིན་ཡོད་པས་ང་རང་གི་བསམ་པར་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་བྱ་ཐབས་ཁག་གཅིག་བཏོན་ཏེ་ང་ཚོའི་དཔལ་འབྱོར་གྱི་གསོན་ཤུགས་སླར་གསོ་དང་གྲོང་མིས་དཔལ་འབྱོར་མདུན་ལྗོངས་ལ་བཅངས་པའི་སེམས་ཤུགས་སླར་གསོ་ཐུབ་པ་བྱེད་དགོས་ཞེས་བསྟན་ཡོད།

ཤང་ཀང་ལས་རིགས་ཁག་གི་མི་སྣས། ཤང་ཀང་གིས་མེས་རྒྱལ་ལ་བརྟེན་པས་སྔར་ན་མེད་པའི་གོང་འཕེལ་གྱི་གོ་སྐབས་རག་ཡོད་པ་དང་། ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། གོ་སྐབས་དམ་འཛིན། འབད་འབུངས་ཧུར་བརྩོན་བཅས་བྱས་ཏེ། གོང་འཕེལ་གྱི་ཕན་པ་མཉམ་སྤྱོད་བྱེད་དགོས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་མི་ལེང་མའེ་ཧྥན་གྱིས། རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨོ་མོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཤང་ཀང་གི་ད་ལྟའི་གནད་དོན་རྣམས་ཧ་ཅང་གནད་ལ་འཕིགས་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པ་དང་། ང་ཚོས་རིག་པ་རྩེ་གཅིག་ཏུ་སྒྲིམ་སྟེ་འཛམ་གླིང་ས་ཕྱོགས་ཁག་གི་མི་མང་པོ་ཞིག་ཡིད་སྨོན་སྐྱེ་བའི་ལས་དོན་བསྒྲུབ་དགོས། ང་ཚོར་རྒྱབ་རྟེན་རང་རེའི་མེས་རྒྱལ་ཡོད་པ་དང་། ད་ཆ་འཕེལ་རྒྱས་མགྱོགས་པོ་འགྲོ་བཞིན་ཡོད་ཅིང་། ཁུག་པ་ཆེན་པོའི་རྒྱུད་གཅིག་ལམ་གཅིག་གིས་གཞོན་ནུ་ཚོར་གོ་སྐབས་ཆེན་པོ་རག་ཡོད་ཅེས་བསྟན་ཡོད།

ཤང་ཀང་གི་གྲོང་མི་ཀྲང་ཀྲུང་ཧོང་གིས། ཤང་ཀང་གིས་ཁུག་པ་ཆེན་པོའི་འཕེལ་ཕྱོགས་བཟང་པོ་དང་བསྟུན་ནས་ཀྲུང་གོའི་གོང་འཕེལ་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ། བདེན་པ་བདེན་ཐུབ་ཐོག་ནས་འཛམ་གླིང་ལ་ང་ཚོ་ནི་ཀྲུང་གོ་བ་ཡིན་པ་དང་། ང་ཚོ་ནི་ཀྲུང་གོའི་ཤང་ཀང་བ་ཡིན་ཞེས་བརྗོད་རྒྱུའི་རེ་བཅངས་བཞིན་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།