ལི་ཀྲན་ཧྲུའུ་ཡིས་ཐན་ཅིན་དུ་ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་རེས་ཚོགས་འདུར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༤ཉིན་ནས་ཚེས་༥ཉིན་བར། ཞིང་ཆེན་རིམ་པའི་མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་རེས་ཚོགས་འདུ་ཐན་ཅིན་དུ་སྐོང་འཚོགས་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་གིས་ཁྲིམས་འཛུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་རབས་གསར་པའི་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བཅས་བྱས་ཏེ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་བ་དང་། ཁྲིམས་གཅིག་གཏན་འབེབས་བྱས་ན་དོན་དག་ཅིག་བསྒྲུབ་པ་བརྒྱུད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྒྱུར་བཅོས་ཀྱི་འགག་སྒྲོལ་ལས་འགན་ལ་རོགས་འདེགས་དེ་བས་ལེགས་པ་ཐུབ་པ་བྱ་དགོས་ཞེས་ནན་གསུངས་གནང་བ་དང་།

ལི་ཀྲན་ཧྲུའུ་ཡིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་མཐོ་ཚད་ཐོག་ནས། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་དོན་ལ་མཛུབ་སྟོན་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ་འཐབ་ཇུས་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ལྷག་པར་དུ་ཁྲིམས་འཛུགས་ལས་དོན་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་དགོས། ཁྲིམས་འཛུགས་སྒྲིག་སྲོལ་གྱི་མ་ལག་འཐུས་ཚང་འཛུགས་སྐྱོང་བྱ་རྒྱུར་དམིགས་ནས། དུས་རབས་གསར་པར་ས་གནས་ཁྲིམས་འཛུགས་ལ་བཏོན་པའི་ལས་འགན་གསར་པ་རང་འགུལ་ངང་ཕྲག་ཏུ་འཁུར་དགོས། ས་གནས་ཀྱི་ཁྲིམས་འཛུགས་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་འཛུགས་པ་བརྒྱུད། ཁྲིམས་འཛུགས་ལས་དོན་གྱི་མཉམ་ཤུགས་ཆགས་པ་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་ཁྲིམས་འཛུགས་ལས་ཀའི་ཆུ་ཚད་ཐུན་མོང་ཐོག་མཐོ་རུ་གཏོང་དགོས་ཞེས་ནན་གསུངས་ཡོད།

ལི་ཀྲན་ཧྲུའུ་ཡིས། ས་གནས་ཁྲིམས་འཛུགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། གཙོ་གནད་དམ་བཟུང་བྱེད་པ་བཅས་ལ་གཞིགས་ནས། ས་གནས་ཀྱི་ཁྱད་ཆོས་མངོན་པ་བྱ་དགོས། དཔལ་འབྱོར་འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་དང་འཚམ་པ་བྱེད་པ་དང་། ཁྲིམས་འཛུགས་ལ་བརྟེན་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དམངས་འཚོ་དང་སྤྱི་ཚོགས་བཅོས་སྐྱོང་ལ་གཞིགས་ནས། དམངས་ཕན་ཁྲིམས་འཛུགས་དམ་བཟུང་ཡག་པོ་བྱེད་དགོས་པ་དང་། མང་ཚོགས་ཀྱི་རེ་སྒུག་ལ་དུས་ཐོག་ཏུ་ལན་ཆ་བྱེད་དགོས་པ། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་བྱ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས། གསར་སྤེལ་བྱ་སྤྱོད་ལ་ཚོད་འཛིན་ནུས་ལྡན་ཐེབས་པ་དང་གནོད་མེད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲིམས་ལུགས་དང་ལམ་ལུགས་འཐུས་ཚང་འཛུགས་དགོས། ཀུན་སྤྱོད་དར་སྤེལ་དང་ཁྲིམས་འཛུགས་དམ་བཟུང་ཡག་པོ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དེ་ཉིད་ཁྲིམས་ལུགས་ཁྲིམས་སྲོལ་འཛུགས་པ་དང་བཟོ་བཅོ་རྒྱག་པ། མེད་པ་བཟོ་བ་དང་འགྲེལ་བཤད་རྒྱག་པའི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཐུབ་པ་བྱ་དགོས་པ་དང་། མཐུན་སྦྱོར་ཁྲིམས་འཛུགས་དམ་བཟུང་ཡག་པོ་བྱ་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཡག་པོ་ཡོང་རྒྱུ་ཁྲིམས་ལྟར་འགན་ལེན་དང་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

ལི་ཀྲན་ཧྲུའུ་ཡིས། དུས་རབས་གསར་པའི་ས་གནས་ཁྲིམས་འཛུགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ངེས་པར་དུ་ཁོང་དུ་བརྟན་པོ་ཆུད་པ་བྱ་དགོས་པ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཚང་མའི་ནང་མངོན་པ་བྱ་དགོས། ས་གནས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སྐོར་གྱི་བཀོད་ཇུས་བྱ་ཐབས་ཁྲིམས་ལྟར་དོན་ཐོག་ཏུ་འཁྱོལ་རྒྱུ་མཁས་པོ་དགོས་པ། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་ལས་དོན་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས་པ། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་དང་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། ཁྲིམས་འཛུགས་ཀྱི་དོན་དག་ཚང་མ་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱེད་པ། ཁྲིམས་འཛུགས་དང་སྒྱུར་བཅོས་ཀྱི་བཀོད་ཇུས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། ས་གནས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་འབྱེད་རྒྱ་སྐྱེད་གཏོང་བར་ཁྲིམས་སྐྱོང་གི་འདེགས་སྐྱོར་མཁོ་འདོན་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲེན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད།

ཐན་ཅིན་དུ་ཞུགས་རིང་། ལི་ཀྲན་ཧྲུའུ་ཡིས་གྲོང་ཁྱེར་མི་དམངས་འཐུས་ཚོགས་ཀྱི་ལས་ཁུངས་སུ་ཕེབས་ནས་ལས་དོན་མི་སྣ་དང་བཞུགས་མོལ་གནང་ཡོད། ཧོ་ཤི་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་འགན་ལག་བསྟར་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་རྟོག་ཞིབ་གནང་བ་དང་། ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། འཐུས་མིའི་ཞབས་ཞུའི་འགན་ལེན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ནུས་ལྡན་བྱ་ཐབས་སྐོར་ལ་ཞིབ་འཇུག་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཐན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཧུང་ཀྲུང་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།