ཞི་ཅིན་ཕིང་གིས་ཀུན་སྤྱོད་དཔེ་བཟང་གཟེངས་བསྟོད་སྐོར་ལ་མཛུབ་སྟོན་གནང་།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་ལ་གཟེངས་བསྟོད་བྱེད་པའི་བྱེད་སྒོར་གལ་ཆེའི་མཆན་བཀོད་མཛུབ་སྟོན་གནང་བ་དང་། གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་རྣམས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བའི་སྐབས་འདིར། ཀྲུང་དབྱང་ཤེས་དཔལ་ཨུ་ཡོན་ལྷན་ཁང་གིས་སྐབས་གསར་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་བྱས་པ་དང་། དེ་ནི་དར་སྲོལ་བཟང་པོ་སྐུལ་སྤེལ་དང་། དྲང་ནུས་དར་སྤེལ། སྤྱི་ཚོགས་ཧྲིལ་པོའི་ཡར་རྒྱས་བཟང་ཕྱོགས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གིས་མེས་རྒྱལ་ལ་དགའ་ཞེན་དང་། མི་དམངས་ལ་ལེགས་སྐྱེས་འབུལ་བའི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་དང་། རང་སྟོབས་རང་སྤེལ་དང་དཀའ་སྤྱད་མདུན་སྐྱོད་ཀྱི་འབད་འཐབ་སྙིང་སྟོབས་དང་། ཡར་རྒྱས་བརྩོན་ལེན། ཀུན་སྤྱོད་ལ་བརྩི་མཐོང་དང་བཟང་པོར་བློ་དགའ་ཕྱོགས་པའི་བླ་མེད་སྤྱོད་བཟང་བཅས་མཚོན་གྱི་ཡོད། ཀུན་སྤྱོད་དཔེ་བཟང་གི་སྔོན་ཐོན་བྱས་རྗེས་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས། ཀུན་སྤྱོད་དཔེ་བཟང་གི་བླ་མེད་སྤྱོད་བཟང་དར་སྤེལ་བཏང་ཐོག མི་རྣམས་ནས་ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་དང་། བླ་མེད་སྤྱོད་བཟང་གི་ལག་ལེན་པ་དང་། ཡ་རབས་དར་སྲོལ་གྱི་སྲུང་སྐྱོབ་པ། བདེ་སྐྱིད་འཚོ་བ་གསར་གཏོད་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱ་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྤེལ་དང་ལག་ལེན་བསྟར་ནས། སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད་བཅས་ཀྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་པ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོ་གཏིང་ཟབ་སྤེལ་ནས། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཕྲག་ཏུ་འཁུར་མཁན་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་ཀྱི་ཉི་འོད་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་དང་། ཤེས་དཔལ་གྱི་སྦྲང་ཆར་གྱིས་སྤྱི་ཚོགས་ལ་ཁྲུས་གསོལ་བྱས་ནས། དུས་རབས་གསར་པར་མདུན་སྐྱོད་དང་། ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་རྒྱུར་བསམ་པའི་སྟོབས་ཤུགས་དང་ཀུན་སྤྱོད་ཀྱི་འདེགས་སྐྱོར་བྱ་དགོས་ཞེས་བསྟན་འདུག

སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་བཞུགས་མོལ་ཚོགས་འདུ་དེ་སྤྱི་ཚེས5ཉིན་གྱི་སྔ་དྲོ་པེ་ཅིན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་གཟེངས་བསྟོད་ཐོབ་མཁན་ལ་མཇལ་འཕྲད་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མིང་མཇལ་འཛོམས་ནང་ཞུགས་པ་མ་ཟད་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་སྒྲོག་སྦྱང་གནང་ཡོད། དེ་རྗེས་ཁོང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཐོག མི་རིགས་བསྐྱར་དར་གྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་མཁན་གྱི་དུས་རབས་ཀྱི་མི་སྣ་གསར་པ་གསོ་སྐྱོང་བྱ་རྒྱུར་གཞིགས་ནས། མིག་དཔེའི་ནུས་པ་གང་ལེགས་འདོན་སྤེལ་བྱེད་པ་དང་། ཀུན་སྤྱོད་ལག་ལེན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དཔེ་བཟང་མི་སྣ་ཟམ་མི་ཆད་པར་ཐོན་པ་དང་། ཡ་རབས་སྤྱོད་བཟང་ཕྱོགས་གང་སར་ཁྱབ་པ་བྱ་དགོས་ཞེས་གསུངས་འདུག

བཞུགས་མོལ་ཚོགས་འདུའི་ཐོག་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱང་གནང་བ་དང་། ཀྲང་ཧྥུ་ཆིང་སོགས་བློ་མཐུན་58ལ་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་སྤྲད་ཡོད་པ་དང་། ཀྲང་ཅ་ཤིན་སོགས་བློ་མཐུན་257ལ་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མིང་འདོན་བྱ་དགའ་གནང་ཡོད། སྐབས་བདུན་པའི་རྒྱལ་ཡོངས་ཀྱི་གཞན་ཕན་ལ་དགའ་བའི་དཔེ་བཟང་། ཧུའུ་པེ་ཞིང་ཆེན་དམག་ཁུལ་ཁང་གི་ཝུ་ཧན་ལས་བྲལ་ངལ་གསོ་ཁང་བདུན་པའི་ལས་འཁྱུར་ལས་བྱེད་པ་མ་ཞུས་དང་། སྐབས་བདུན་པའི་རྒྱལ་ཡོངས་ལས་བཀུར་ལེགས་སྐྱེས་འབུལ་མཁན་དཔེ་བཟང་། སི་ཁྲོན་མཁའ་འགྲུལ་ཚོགས་པ་ཚད་ཡོད་ཀུང་སིའི་གནམ་གྲུའི་ཁ་ལོ་བ་ལེའུ་ཁྲོན་ཅན། སྐབས་དྲུག་པའི་རྒྱལ་ཡོངས་ལས་བཀུར་ལེགས་སྐྱེས་འབུལ་མཁན་དཔེ་བཟང་། ཀྲེ་ཅང་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་གི་ཞོར་གཏོགས་ཧྲའོ་དབྱི་ཧྥུ་སྨན་ཁང་གི་མིག་ནད་ཚན་ཁག་གི་འགོ་འཛིན་ཡའོ་ཡུས་ཧྥེང་། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྱིས་ཁག་སོ་སོར་གཏམ་བཤད་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གོང་གསལ་བྱེད་སྒོར་ཞུགས་ཡོད་པ་རེད།

སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དང་མིང་དོན་བྱ་དགའ་ཐོབ་མཁན་འཐུས་མི་དང་། སྐབས་གོང་མའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་འཐུས་མི། ཀྲུང་དབྱང་ཤེས་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། ཞིང་ལྗོངས་དང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་ཨུད་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དང་། ཤེས་དཔལ་གཞུང་ལས་ཁང་གི་ཀྲུའུ་རེན་སོགས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག མིག་དམར་རྒྱ་མཚོ།
ཡིག་སྒྱུར། མིག་དམར་རྒྱལ་པོ།