ཝང་ཡང་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒྲོག་འགྲེལ་བྱེད་སྒོར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-09-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་སྲིད་གྲོས་ཀྱི་གལ་ཆེའི་ཆེད་དོན་ལས་དོན་ཨུ་ཡོན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤྱི་ཚེས་3ཉིན་ཧུའུ་པེ་ཝུ་ཧན་དུ་སྤེལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡང་བྱེད་སྒོར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད། ཁོང་གིས། ཨུ་ཡོན་གྱི་སྒྲོག་འགྲེལ་ཚོགས་པའི་ལམ་ལུགས་ནི་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གསར་གཏོད་འཚོལ་ཞིབ་ཅིག་ཡིན་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པའི་སྟེགས་བུ་གལ་ཆེན་ཞིག་ཡིན། སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱུན་མཐུད་ཤུགས་འདོན། སྙིང་རུས་གཏན་འཁྱོངས་བཅས་བྱས་ཏེ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་བསྡུས་བྱེད་ཆེད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ་དང་ཉམས་མྱོང་དེ་བས་མང་པ་གཏོད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། ཐེངས་འདིའི་སྒྲོག་འགྲེལ་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་གཞོན་པ་ཡན་ཞའོ་ཕེ་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ལག་ལེན་ཞེས་པའི་སྒྲོག་འགྲེལ་སྙན་ཞུ་གནང་བ་མ་ཟད་གསན་མཁན་རྣམས་དང་ཕན་ཚུན་སྤེལ་རེས་གནང་ཡོད་པ་རེད།

ཝང་ཡང་གིས་སྒྲོག་འགྲེལ་བྱེད་སྒོ་མཇུག་སྒྲིལ་སྐབས་གསུང་བཤད་གནང་ཡོད། ཁོང་གིས། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་གཏན་འཁེལ་བྱས་ནས་ལོ་ངོ་70འཁོར་བའི་ལོ་ཡང་ཡིན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཉམས་མྱོང་ཕྱོགས་བསྡོམས་ནན་པོ་བྱེད་དགོས་པ་དང་། མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་པ། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ་གཏོང་བ། དུས་རབས་ཀྱི་རྗེས་སྙེགས་པ་བཅས་བྱས་ནས། ཟམ་མི་ཆད་པར་རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པ་རྒྱུན་འཛིན་ཡག་པོ་དང་གོང་འཕེལ་ཡག་པོ། འཐུས་ཚང་བཅས་ཡོང་བ་བྱེད་དགོས་པ་དང་། ཟམ་མི་ཆད་པར་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།

ཝང་ཡང་གིས་ཨུ་ཡོན་གྱི་སྒྲོག་འགྲེལ་ཚོགས་པའི་ལམ་ལུགས་བཙུགས་ནས་ལོ་གཅིག་སོང་ཚུན་གྱི་འཚོལ་ཞིབ་ལག་ལེན་ལ་ཁས་ལེན་གང་ལེགས་གནང་ཡོད། ཁོང་གིས། སྒྲོག་འགྲེལ་བྱེད་སྒོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམ་པོར་གཞིགས་པ་དང་། སྲིད་གྲོས་ཀྱི་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ། སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོ་ལེགས་འདེམས་བྱེད་པ་དང་། སྒྲོག་འགྲེལ་གྱི་ཁྱབ་ཁོངས་རྒྱ་སྐྱེད་བཏང་ཡོད་པས། སྤྱི་ཚོགས་ལས་རིགས་ཁག་གི་རྒྱ་ཁྱབ་དོ་ཁུར་དང་གདེང་འཇོག་ཡག་པོ་ཐོབ་ཡོད་པ་དང་། སྤུས་རྟགས་ཀྱི་ནུས་པ་ཟམ་མི་ཆད་པར་མངོན་བཞིན་ཡོད་པ། ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད། ལག་ལེན་དངོས་ལས་ར་སྤྲོད་ཐུབ་པར། འཚོལ་ཞིབ་འདི་ནི་ནུས་འབྲས་ཀྱིས་ཕྱུག་པ་ཞིག་ཡིན་པས་རྒྱུན་བསྲིངས་ལྷོད་མེད་བྱེད་དགོས་པ་དང་། རྒྱུན་འཁྱོངས་ཁྲོད་འཐུས་སྒོ་ཚང་དུ་གཏོང་བ་དང་འཐུས་སྒོ་ཚང་དུ་གཏོང་བའི་ཁྲོད་ལེགས་སུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཝང་ཡང་གིས། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། མི་དམངས་སྲིད་གྲོས་ཀྱིས་མི་སེམས་གཅིག་བསྡུས་བྱ་རྒྱུ་དང་། ཐུན་མོང་ངོས་འཛིན་གཅིག་བསྡུས་བྱ་རྒྱུའི་ལས་འགན་དེ་བས་དཀའ་ཚེགས་ཆེ་རུ་ཕྱིན་ཡོད། དེས་ན་ཨུ་ཡོན་གྱི་སྒྲོག་འགྲེལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད། དེ་ཡང་། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་དགོས་པ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དར་ཆ་གསལ་བཏོན་གྱིས་ཆབ་སྲིད་ལ་དང་དོད་བྱེད་པའི་བླང་བྱ་དེ་སྒྲོག་འགྲེལ་བྱེད་སྒོའི་ཁྲོད་དོན་འཁྱོལ་ཞིབ་ཕྲ་ཡོང་བ་བྱེད་པ། ཡང་དག་པའི་ཁྲིད་ཕྱོགས་དམ་འཛིན་བྱེད་པ། འདུ་ཤེས་བཞི་ཆེ་རུ་གཏོང་བ། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱེད་དགོས། འགན་འཁྲིའི་འདུ་ཤེས་ཆེ་རུ་བཏང་ནས། སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་མང་བའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཨུ་ཡོན་རང་ངོས་ཀྱི་ཤུགས་རྐྱེན་ནུས་པ་དང་ལམ་ལུགས་སྒྲིག་གཞིས་སྤྲད་པའི་གཏམ་བཤད་དབང་ཆ་བེད་སྤྱོད་ཡག་པོ་བཏང་ནས། ཀྲུང་གོའི་གཏམ་རྒྱུད་དང་སྲིད་གྲོས་ཀྱི་གཏམ་རྒྱུད། ཏང་མང་མཉམ་ལས་ཀྱི་གཏམ་རྒྱུད་བཅས་ཡག་པོ་བརྗོད་པ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་འགན་འཁྲིའི་ཨུ་ཡོན་གྱི་བླང་བྱ་དོན་འཁྱོལ་བྱེད་དགོས། སྤུས་ཚད་དང་ཕན་འབྲས་ལ་མཐོང་ཆེན་བྱས་ནས། སྒྲོག་འགྲེལ་གྱི་ཆོས་ཉིད་འཚོལ་བ་དང་སྒྲོག་འགྲེལ་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སྒྲོག་འགྲེལ་གྱི་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཧུའུ་པེ་རུ་བཞུགས་རིང་། ཝང་ཡང་གིས་ད་དུང་ཞིང་ཆེན་སྲིད་གྲོས་དང་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ཀྱི་ལས་བྱེད་པར་གཟིགས་པར་ཕེབས་པ་མ་ཟད། ཝུ་ཧན་གྲོང་ཁྱེར་ཅང་ཨན་ཁུལ་པེ་པུ་ཐིང་གྲོང་ཁུལ་དུ་ཕེབས་ནས། གྲོང་ཁུལ་དུ་འཐབ་ས་མདུན་མའི་གྲོས་མོལ་ཞེས་པའི་ཚོད་ལྟའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་གནང་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀུའུ་ཧྲེང་ཙུའུ་སྒྲོག་འགྲེལ་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།