སྤྱི་ཁྱབ་ཧྲུའུ་ཅིའི་འཕྲིན་ལན་འབྱོར་རྗེས། བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དེ་ཉིད་སྐལ་བཟང་མེ་ཏོག་དང་འདྲ་བར་གངས་ལྗོངས་མཐའ་མཚམས་སུ་གཞིས་ཆགས་པ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་པའི་བོད་ལྗོངས་ཡུལ་སྨད་ཤང་དེ་ཉིད་ནི་ཡུན་རིང་ནང་ཁྱིམ་ཚང་གཅིག་གི་ནང་མི་གསུམ་ལས་གྲུབ་པའི་མི་གསུམ་ཤང་ཞིག་ཡིན་པ་དང་། ད་ལྟ་སྔར་བཞིན་རང་རྒྱལ་གྱི་མི་འབོར་ཉུང་ཤོས་དང་། མི་རེའི་ཆ་སྙོམས་རྒྱ་ཁྱོན་ཆེ་ཤོས་ཀྱི་ཤང་ཞིག་ཡིན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་དབྱང་འཛོམས་གཅེན་གཅུང་གཉིས་ལ་བསྐུར་གནང་བའི་འཕྲིན་ལན་ནང་། ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན། ཕྱུགས་འཚོ་ནས་མཐའ་མཚམས་སྲུང་བ་ནི་འགན་འཁྲི་ཡིན་ཞེས་པའི་ཁྱེད་ཚོའི་སྐད་ཆ་དེ་དག་དངོས་གནས་ཡག་པོ་བཤད་འདུག་ཅེས་བསྔགས་བརྗོད་གནང་ཡོད། བབ་ཆགས་པའི་གཏམ་དེ་དག་མགྱོགས་མྱུར་དུ་ཧི་མ་ལ་ཡའི་ལྷོ་ངོས་ནས་རྒྱལ་ཡོངས་སུ་ཁྱབ་ཡོད།

སྟར་པ་རེ་རེའི་སྡོད་ཁང་གསར་པ་དང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་ཨར་ལས་ཁུལ་དུ་ལྟ་བཞིན། ཕྱུགས་འཚོ་ས་ནས་ལོག་མ་ཐག་ཡིན་པའི་སྒྲོལ་དཀར་དང་དབྱང་འཛོམས་གཅེན་གཅུང་གཉིས་ཀྱིས་དགའ་ཚོར་ཆེན་པོས། ལོ་གཅིག་ལྷག་གི་རིང་། ཡུལ་སྨད་ལ་འགྱུར་བ་ཆེན་པོ་བྱུང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་དང་ཐུགས་འཁུར་སེམས་ལ་བརྟན་པོར་ངེས་ནས་མེས་རྒྱལ་མཐའ་མཚམས་ཐོག་གི་རྩ་དང་རྩི་ཤིང་རྐང་རེ་རེར་ཀྱང་ལྟ་སྲུང་ཡག་པོ་བྱ་རྒྱུ་དང་།

ཡུལ་སྨད་དེ་ཉིད་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱོར་འབྲིང་ཤང་ལ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་ཤོད་ཀྱི་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱི་ལོ་2017ལོའི་ཟླ་བ་10པའི་ཚེས་28ཉིན་གྱི་འཕྲིན་ལན་ལ་ཕྱིར་དྲན་གནང་སྐབས། རང་ལོ་58ལ་སླེབས་པའི་སྒྲོལ་དཀར་དང་། རང་ལོ་56ལ་སླེབས་པའི་དབྱང་འཛོམས་ཀྱི་ཞལ་ལ་སེམས་ཤུགས་དང་སྤོབས་སེམས་ཀྱིས་ཁེངས་ཡོད་པ་རེད།

ཡུལ་སྨད་ཤང་གི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་3000ལྷག་ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་3600ཟིན་ཡོད། དེ་སྔོན་འགྲིམ་འགྲུལ་ཤར་གཏོང་མེད་པ་དང་། ཆ་རྐྱེན་དཀའ་ཚེགས་ཆེ་ཞིང་། འཚོ་བ་ཡུལ་པོ་ཡོད་པས། ཡུལ་མི་མི་ཉུང་བ་ཞིག་གཅིག་མཇུག་གཉིས་མཐུད་ངང་དེ་ནས་གནས་སྤོས་བྱས་ཡོད་པ་དང་། མི་འབོར་ཉུང་ཤོས་སྐབས་སུ་དེ་སྔའི་ཤང་ཀྲང་སངས་རྒྱས་ཆོས་འཕགས་ནས་བུ་མོ་སྒྲོལ་དཀར་དང་དབྱང་འཛོམས་ཁྲིད་ནས་ཁྱིམ་ཚང་གཅིག་གི་ནང་མི་གསུམ་དེ་གར་བརྟན་སྲུང་བྱས་ནས་བསྡད་ཡོད་པ་རེད།

སྤྱི་ལོ་1996ལོར། ཁྱིམ་ཚང་གཉིས་དེ་གར་བསྐྱར་ལོག་བྱས་པ་དང་། ཡུལ་སྨད་དུ་མི་འབོར་རིམ་བཞིན་མང་དུ་ཕྱིན་ནས། སྤྱི་ལོ་2016ལོར་སླེབས་སྐབས་ཤང་ཡོངས་སུ་ཁྱིམ་དུད་9དང་མི་འབོར་32ཡོད་པ་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་ཚོགས་གྲབས་ཡོད་པའི་སྐབས་སུ། སྒྲོལ་དཀར་དང་དབྱང་འཛོམས་གཅེན་གཅུང་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་ཆོད་སེམས་མཚོན་པར་བྱས་པ་དང་། ཕ་ཡུལ་གྱི་གོང་འཕེལ་དང་འགྱུར་ལྡོག་སྙན་གསེང་ཞུས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲིན་ལན་བསྐུར་ནས་སྐུལ་ལྕག་གནང་བས། སྒྲོལ་དཀར་དང་དབྱང་འཛོམ་སོགས་ཡུལ་སྨད་བ་ཚང་མའི་མཐའ་མཚམས་སྲུང་བ་དང་མཐའ་མཚམས་བརྟན་དུ་གཏོང་བའི་སེམས་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

བོད་ཀྱི་ལོ་གསར་གོང་དུ་ངར་ལྕགས་སོགས་ཆ་སྒྲིག་རང་བཞིན་གྱི་ཐོག་ཁང་གསར་པ་འཛུགས་སྐྲུན་བྱས་ཟིན་པ་དང་། ཡུལ་མི་རྙིང་པ་རྣམས་སྡོད་ཁང་གསར་པའི་ནང་སྤོས་ཡོད་ལ། ཡུལ་མི་གསར་པ་མང་ཆེ་བའང་དེ་གར་སྤོས་ཡོད་ཅིང་། ཡུལ་སྨད་བ་གསར་པ་དེ་དག་ནི་ཉེ་འགྲམ་གྱི་ཤང་དང་གྲོང་བརྡལ་ནས་ཡོང་བ་ཤ་སྟག་ཡིན་པ་རེད།

ཡུལ་སྨད་བའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་། སྤྱི་ལོ་2018ལོར་ཆ་སྙོམས་མི་རེའི་ལོ་རེའི་ཡོང་འབབ་སྒོར་དྲུག་ཁྲི་ལྷག་ཟིན་ཡོད་པས། དུས་མཚུངས་དང་བསྡུར་ན་བརྒྱ་ཆ་11.1འཕར་ཡོད། མི་མང་དུ་ཕྱིན་རྗེས། ཚོང་ཁང་དང་ཟ་ཁང་། ཁྱིམ་ཚང་མགྲོན་ཁང་། ཇ་ཁང་སོགས་ཀྱང་རིམ་བཞིན་མང་དུ་ཕྱིན་ཡོད་ལ། སྨྱུག་ཆས་དང་། འཁྲི་ཤིང་གི་ལག་གདུབ་སོགས་ལག་ཤེས་བཟོ་རྩལ་དངོས་པོ་ཀྱང་བྲིན་ཁ་རྒྱུག་པོ་ཡོད་པ་རེད།

དུས་རབས་གསར་པར་ཉམས་སྣང་གསར་པ་དང་། སྲིད་ཇུས་བཟང་པོར་བརྟེན་ནས་འཚོ་བ་ཡག་པོར་རོལ། ལོ་གཉིས་ནང་། ཡུལ་སྨད་བའི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཨར་འདམ་ལམ་བུ་ཤར་གཏོང་ཐུབ་ཅིང་། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་འགྲིམ་འགྲུལ་ལེགས་བཅོས་བྱས་པ་དང་། ཁ་བ་ཆེན་པོ་འབབ་པའི་རྐྱེན་གྱིས་འགྲིམ་འགྲུལ་འགག་པའི་དུས་ཚོད་དེ་ཡང་དེ་སྔའི་ལོ་ཕྱེད་ནས་ཟླ་བ་གསུམ་བར་ཐུང་དུ་ཕྱིན་ཡོད། གྲོང་མིས་རླངས་འཁོར་བརྒྱད་ཉོས་ཡོད་པས། ལྷོ་ཁ་དང་། ལྷ་སར་འགྲོ་རྒྱུ་དེ་ཡང་དེ་བས་སྟབས་བདེར་གྱུར་ཡོད། གློག་གི་དྲ་བ་ཤར་གཏོང་ཐུབ་པ་དང་། སྤྱི་ལོ་༢༠༡༨ལོའི་ཟླ་བ་༢པའི་ནང་གློག་སྒོ་སྒྲིག་སྦྱོར་བྱས་ནས། རྒྱལ་ཁབ་གློག་གི་དྲ་བ་དང་དངོས་སུ་སྦྲེལ་མཐུད་ཐུབ་ཡོད། གློག་ཤུགས་མི་འདང་བའི་རྐྱེན་གྱིས་གློག་ཆས་འཚིག་པའི་སེམས་ཁྲལ་བྱེད་དགོས་མེད་ལ། གྲ་སྒྲིག་བྱེད་དགོས་ངེས་ཀྱི་བཞུ་མར་དེ་ཡང་རིག་དངོས་ལྟ་བུར་གྱུར་ཡོད། ༤Gཤར་གཏོང་ཐུབ་ལ། དྲ་སྦྲེལ་དྲ་བ་ཡོངས་སུ་ཁྱབ་པ། ཤང་དུ་ཡང་སྤོ་སྒུལ་གཏོང་སྤྲོད་ཡོ་བྱད་སྤྱོད་ཐུབ་ཀྱི་ཡོད། ལམ་གྱི་དྲ་བ་དང་། གློག་གི་དྲ་བ། དྲ་སྦྲེལ་དྲ་བ་སོགས། ཡུལ་སྨད་ཀྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་ལ། སྤྱི་པའི་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྐས་རིམ་གསར་པར་སྦྲེལ་མཐུད་ཐུབ་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡིན་པའི་ངོས་ནས། སྒྲོལ་དཀར་གྱིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་སྐབས། ཏང་ཀྲུང་དབྱང་གིས་ཡུལ་སྨད་ལ་ཐུགས་ཁུར་གནང་བ་དང་། ཡུལ་སྨད་མང་ཚོགས་ཀྱི་སེམས་པ་ཏང་དང་མེས་རྒྱལ་ལ་ཕྱོགས་པའི་གཏམ་རྒྱུད་མི་མང་པོར་གསུངས་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་། ཏང་དང་སྲིད་གཞུང་གི་རོགས་རམ་དང་རྒྱབ་སྐྱོར་མེད་ན། ད་ཆའི་ཡུལ་སྨད་ཀྱི་རྣམ་པ་གསར་པ་ཡོང་མི་སྲིད་ཅེས་གསུངས་ཡོད།

རྒྱལ་ཁོངས་ས་ཆ་གང་དུ་ཡོད་ན། གནས་དེ་གར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ། སྤྱི་ལོ་༢༠༡༨ལོར་དུས་རབས་ཀྱི་དཔེ་བཟང་མཚན་སྙན་ཐོབ་རྗེས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་པོས་གཟི་བརྗིད་དེ་སྒུལ་ཤུགས་སྔར་བས་ཆེ་བར་བརྩིས་ནས། ལས་བྱེད་དང་མང་ཚོགས་དེ་བས་མང་བ་མཐའ་སྲུང་གི་གྲལ་སྟར་ནང་ཞུགས་རྒྱུར་སྣེ་ཁྲིད་གནང་ཡོད། ཕྱུགས་འཚོ་བ་བརྒྱུད་ནས་མཐའ་མཚམས་སྲུང་བ་ནི། འཚོ་བ་རེད་ལ་ཡང་སྒོས་སུ་ལས་དོན་རེད། ལས་འགན་རེད་ལ་འགན་འཁྲི་ཡང་རེད། རྒྱལ་གཅེས་མཐའ་སྲུང་བྱ་རྒྱུ་དེ་ཡུལ་སྨད་པའི་ཁྲག་རྒྱུན་ནང་འདྲེས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།