ཤང་ཀང་མང་ཚོགས་དམངས་ཡོངས་ནས་ཉེན་རྟོག་པར་རྒྱབ་སྐྱོར་བྱེད་པའི་ཉིན་མོའི་བྱེད་སྒོར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་10ཉིན་ཤང་ཀང་གི་གྲོང་མིས་དམངས་ཡོངས་ཀྱིས་ཉེན་རྟོག་པར་རྒྱབ་སྐྱོར་བྱེད་པའི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། གྲོང་མི་མང་པོ་ཞིག་ཉེན་རྟོག་ཧྲུའུ་མང་པོར་སྐྱོད་དེ། ཉེན་རྟོག་པར་འཚམས་འདྲི་དང་རྒྱབ་སྐྱོར་བྱེད་ལུགས་མཚོན་པར་བྱས་ཡོད་པ་རེད།

སྤྱི་ཟླ་8པའི་ཚེས་10ཉིན་གྱི་སྔ་དྲོ་ཤང་ཀང་གི་དམངས་ཁྲོད་ཚོགས་པ་སྟེ་ཤང་ཀང་ལ་སྲུང་སྐྱོང་བྱེད་པའི་མནའ་འབྲེལ་ཆེན་པོ་་ཞེས་པ་ཤང་ཀང་ཀྲུང་ཁུལ་ཉེན་རྟོག་ཧྲུའུ་རུ་སྐྱོད་པ་དང་། གྲོང་མི་ཚོས་ལུས་ལ་ཉེན་རྟོག་པའི་གྱོན་ཆས་ཀྱི་ཚོས་གཞི་དང་འདྲ་བའི་གྱོན་ཆས་སྔོན་པོ་གྱོན་ཏེ། ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུ་བ་དང་སྨོན་འདུན་གྱི་ཁེངས་པའི་ག་ཤོག་ཕུལ་བ་མ་ཟད། སྐད་ཤུགས་ཆེན་པོས་ཤང་ཀང་གི་ཉེན་རྟོག་པར་བསྔགས་བརྗོད་བྱས་ཡོད། མནའ་འབྲེལ་གྱི་སྒྲིག་འཛུགས་བྱེད་མཁན་ཧོང་དབྱིང་ཧའོ་ཡིས། ཟླ་བ་གཉིས་ལྷག་རིང་། ཐལ་སྐྱོད་པའི་གཏུམ་སྤྱོད་ཀྱི་གདོང་ཐུག་གི་མདུན་དུ། ཤང་ཀང་ཉེན་རྟོག་པས་བཟོད་བསྲན་ཆེན་པོ་དང་ཆེད་ལས་ཀྱི་ལས་དོན་སྒྲུབ་པས། ཧ་ཅང་དཀའ་ཚེག་ཆེན་པོ་ཡིན་ཞེས་བསྟན་ཡོད་པ་རེད།

ཤང་ཀང་ཉེན་རྟོག་སྤྱི་ཁྱབ་པུའུ་རུ། ཤང་ཀང་གཞོན་ནུ་མནའ་འབྲེལ་གྱི་ཀྲུའུ་ཞི་གཞོན་པ་ཀྲན་ཧྲེང་གིས་རང་ཉིད་ཀྱིས་བྲིས་པའི་སྙན་ངག་ཞིག་གི་ཐོག་ནས་ཉེན་རྟོག་པར་རྒྱབ་སྐྱོར་བྱས་ཡོད། ཁོང་གིས། གྲོང་མི་ཡོངས་ནས་མཐོང་ཐུབ་པར། འདས་ཟིན་པའི་ཟླ་བ་གཉིས་ཙམ་རིང་། ཐལ་སྐྱོད་པ་ཁག་ཅིག་གིས་རྔམ་སྟོན་ཁྲོམ་སྐོར་དེ་གཏུམ་སྤྱོད་གདོང་ཐུག་ལ་རིམ་སྤར་བྱས་པས། སྤྱི་པའི་སྒྲིག་ཆས་ལ་གཏོར་བཤིག་བཏང་བ་མ་ཟད། ད་དུང་ཁོ་ཚོའི་བྱ་སྤྱོད་ལ་མོས་མཐུན་མི་བྱེད་མཁན་གྱི་གྲོང་མིར་ཉེས་རྡུང་གཏོང་བའི་རྩུབ་སྤྱོད་དེ་རིགས་ནི་མི་རྣམས་ཁོང་ཁྲོ་ལངས་དགོས་པ་ཞིག་ཡོད། ཡིན་ནའང་ཤང་ཀང་ཉེན་རྟོག་རུ་ཁག་གིས་དེར་ཞེད་སྣང་དང་དཔའ་མི་ཞུམ་པར་སྔ་ཕྱི་བར་གསུམ་དུ་ཁྲིམས་སྐྱོང་ལ་སྲུང་སྐྱོང་བྱེད་པའི་འཐབ་ས་དང་པོར་འབད་འཐབ་བྱས་པས། གྲོང་མི་ཡོངས་སེམས་འགུལ་ཆེན་པོ་ཐེབས་ཡོད།

ཝང་པེ་ཅའོ་ཉེན་རྟོག་ཧྲུའུ་རུ། གྲོང་མི་སྐུ་ཞབས་ལོ་ལགས་དང་ཁོང་གི་ལས་རོགས་ཀྱིས་གཏུམ་སྤྱོད་ལ་ངོ་རྒོལ་དང་ཉེན་རྟོག་རུ་ཁག་ལ་རྒྱབ་སྐྱོར། ཁྱིམ་གཞིས་སྲུང་སྐྱོང་ཞེས་པའི་འཕྲེལ་འགེལ་སྦྱར་ཡིག་སྒྲེང་བ་དང་། ཁོང་གིས། ཉེན་རྟོག་རུ་ཁག་གིས་འགན་ལྗིད་སྒྲུབ་ཆེད་བཟོད་བསྲན་བྱས་ཏེ། ལས་དོན་འབོར་ཆེན་སྒྲུབ་པ་མ་ཟད། ང་ཚོའི་བདེ་འཇགས་ལ་སྲུང་སྐྱོབ་ཀྱང་བྱས་ཡོད། དེར་བརྟེན་ང་ཚོས་ཁྲོམ་ལམ་དུ་བསྐྱོད་དེ། ང་ཚོའི་བྱ་སྤྱོད་ངོ་མར་བརྟེན་ནས་དྲང་ནུས་དར་སྤེལ་དང་། ང་ཚོའི་ཁྱིམ་གཞིས་སྲུང་སྐྱོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་ཡོད་པ་རེད།

སྙིང་ཉེ་བའི་དཀའ་ལས་ཁག་སོང་ཞེས་པའི་སྐད་ཆ་རེ་རེ་དང་། འཛུམ་མདང་གི་ཕྱུར་བའི་ངོ་གདོང་རེ་རེ། དེ་བཞིན་མཐེ་བོང་རེ་རེ་ཟམ་མི་ཆད་པར་སྒྲེང་བ་བཅས་ལས། རྒྱ་ཆེའི་ཤང་ཀང་ཉེན་རྟོག་པ་སེམས་འགུལ་ཆེན་པོ་ཐེབས་ཡོད། ཤང་ཀང་ཉེན་རྟོག་རུ་ཁག་གི་ལྟ་སྐུལ་མཁྱེན་ལྡན་མ་ཞུས་ལགས་ནས། འཐབ་ས་དང་པོའི་ལས་རོགས་ཚོ་དངོས་གནས་དཀའ་ལས་ཁག་པོ་ཡིན། རྒྱུ་མཚན་ནི་གཏུམ་སྤྱོད་ཀྱི་གདོང་ཐུག་ལ་ཁ་གཏད་གཅོག་དགོས། ཡིན་ནའང་ང་ཚོའི་འཐབ་ས་དང་པོའི་ཉེན་རྟོག་པས་ལས་གནས་བརྟན་སྲུང་བྱས་ཏེ། ཤང་ཀང་ལ་སྲུང་སྐྱོབ་བྱ་ངེས་རེད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།