ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་ཛ་དྲག་ཏུ་ཕྱིན་པས་ཨ་རིའི་ཞིང་པར་དཀའ་སྡུག་ཆེན་པོ་བཟོས་པ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་སྔར་བས་ཛ་དྲག་ཏུ་ཕྱིན་པས་ཨ་རིའི་ཞིང་པར་དཀའ་སྡུག་ཆེན་པོ་བཟོས་ཡོད་པ་རེད། ཨ་རིའི་ཞིང་ལས་མངའ་སྡེ་ཆེན་པོ་ཨའེ་ཨའོ་ཝ་མངའ་སྡེར། མི་རབས་ལྔའི་རིང་ཞིང་ལས་གཉེར་མཁན་གྱི་ཅིན་པོ་ལི་ཞིང་རའི་བདག་པོ་ལི་ཁེ་ཅིན་པོ་ལིས། ད་ལོའི་ལོ་སྟོད་དུ་ཆར་ཆུ་མང་དྲག་པའི་རྐྱེན་གྱིས་ང་ཚོའི་སྲན་ཆེན་ཐོན་འབོར་སྔོན་རྩིས་ལས་བརྒྱ་ཆ་༡༠ནས་༡༥བར་ཉུང་དུ་འགྲོ་རྒྱུ་རེད་འདུག དེ་ལས་ཀྱང་གལ་འགངས་ཆེ་བ་ཞིག་ནི། སྲན་ཆེན་འདི་དག་ལ་ཚོང་ར་མེད་པ་དེ་རེད་ཅེས་བསྟན་ཡོད།

ཨ་རིའི་གཞུང་ཕྱོགས་གྲངས་གཞི་ལས་མངོན་པར། འདས་ཟིན་པའི་ལོ་༡༠རིང་། ཀྲུང་གོས་ཆ་སྙོམས་ལོ་རེར་ཨ་སྒོར་དུང་ཕྱུར་༡༡༣ཟིན་པའི་ཨ་རིའི་སྲན་ཆེན་ཉོ་སྒྲུབ་བྱེད་ཀྱི་ཡོད། སྤྱི་ལོ་༢༠༡༨ལོར། ཨ་རིས་ཀྲུང་གོར་ཕྱིར་འཚོང་བྱས་པའི་སྲན་ཆེན་གྱི་སྤྱི་འབོར་ཨ་སྒོར་དུང་ཕྱུར་༣༡ཟིན་པ་དང་། དེ་སྤྱི་ལོ་༢༠༡༧ལོ་ལས་བརྒྱ་ཆ་༧༥ཙམ་ཉུང་དུ་ཕྱིན་ཡོད།

ཨ་རིའི་ཞིང་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཏུ་ཝའར་གྱིས། ཀྲུང་གོས་ཨ་རི་ནས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་མཚམས་འཇོག་རྒྱུ་གཏན་འཁེལ་བྱས་ཚེ། ད་ལྟ་དཀའ་ཚེགས་ཀྱི་གནས་སུ་གྱར་ཟིན་པའི་ཞིང་པ་དང་ཞིང་རའི་བདག་པོའི་ངོས་ནས་བརྗོད་ན་རྡུང་རྡེག་ཆེན་པོ་འཁེལ་བ་ཞིག་རེད་ཅེས་བསྟན་ཡོད།

བྱང་ཁའེ་ཏ་ཁེ་ཐ་མངའ་སྡེའི་སྲན་ཆེན་ཞིང་རའི་བདག་པོ་སི་ཐ་ཧྥུ་སི་ལི་ཨེན་གྱིས། དེ་ནི་དུར་སྒམ་ཐོག་ཡང་བསྐྱར་གཟེར་རྐང་སྡེབ་པ་དང་ཁྱད་པར་མེད་ཅེས་བསྟན་ཡོད།

དབྱི་ལིད་ནོ་དབྱི་མངའ་སྡེའི་ཞིང་ར་ཆུང་ངུའི་བདག་པོ་ཨའོ་ལི་ཁེས། ཧ་ཅང་བརྟན་པོ་མིན་པའི་ཞིང་ལས་ཁ་གསབ་དང་བསྡུར་ན། རང་ཉིད་ནས་ཉོ་ཚོང་བྱས་པ་བརྒྱུད་ཡོང་འབབ་བརྟན་པོ་ཡོང་རྒྱུར་རེ་བ་དེ་བས་ཆེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད། ཞིང་པ་ཞིག་ཡིན་པའི་ངོས་ནས། ཁོང་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཡུན་རིང་གི་ཡོང་འབབ་བརྟན་པོ་ཞིག་ཡོང་རྒྱུར་རེ་བ་དེ་བས་ཆེ་བ་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་དབྱི་ལི་ནོ་དབྱི་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུའར་ཁེས། ཞིང་ལས་ཐོན་རྫས་ཀྱི་རིན་གོང་ཉེ་བའི་ལོའི་རིང་རྒྱུན་མཐུད་ངང་ཆག་འགྲོ་བ་དང་། དཔལ་འབྱོར་ཉོ་ཚོང་འགལ་ཟླ་ཐོན་པས། ཨ་རིའི་ཞིང་པ་ཁག་ཅིག་དང་ལྷག་པར་དུ་གཞི་ཁྱོན་ཆུང་བའི་ཚོང་གཉེར་བྱེད་མཁན་ཚོར་མ་རྩ་སྟོངས་འགྲོ་བའི་ཉེན་ཁ་བཟོས་ཡོད་ཅེས་བསྟན་ཡོད།

ཐུའར་ཁེས། ཨ་རིའི་སྲིད་གཞུང་གིས་སྒོ་ཁྲལ་སྔར་བས་མང་བ་སྤོར་རྒྱུའི་ཉེན་ཁ་བཟོ་བ་ནི་མིག་རྒྱང་ཧ་ཅང་ཐུང་བའི་བྱེད་སྟངས་ཤིག་ཡིན་པ་དང་། དེས་ཨ་རིའི་ཞིང་ལས་གྲུབ་གཞིས་དུས་ཡུན་ལོ་བཅུ་གྲངས་སྤྱད་ནས་བཙུགས་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་ཁྲོམ་ར་བརྟན་པོ་དེར་གཏོར་སྐྱོན་བཟོས་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།