ཡར་འབྲོག་གཡུ་མཚོ་སྲུང་སྐྱོབ་སྲོལ་ཡིག་ཞེས་པ་ད་ལོའི་སྤྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཉེ་དུས་གྲོས་འཆམ་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོབ་སྲོལ་ཡིག་ཞེས་པ་ད་ལོའི་སྤྱི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད། དེའི་དམིགས་ཡུལ་ནི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཏེ་ཆུ་ཁོངས་ཀྱི་རྒྱ་ཁྱོན་རྒྱུན་འཁྱོངས་དང་ཆུ་མཁོ་འདོན་གྱི་ནུས་པ་འགན་སྲུང་། སྦགས་བཙོག་འགོག་བཅོས་བཅས་བྱས་ཏེ་ཆུའི་སྐྱེ་ཁམས་དང་ཁོར་ཡུག་ལེགས་བཅོས་བྱས་ནས། ཡར་འབྲོག་གཡུ་མཚོར་སྲུང་སྐྱོང་ཐུབ་པ་བྱེད་རྒྱུ་དེ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། སྲོལ་ཡིག་དེ་སྤྱིའི་རྩ་དོན་དང་། ཆུ་ཁོངས་དང་ཆུ་ཁའི་སྲུང་སྐྱོབ། ཆུའི་སྦགས་བཙོག་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ། སྤྱི་དམངས་ཐེ་ཞུགས། ཁྲིམས་ལུགས་འགན་འཁྲི། ཞོར་གཏོགས་བཅས་ཁག་བདུན་ལ་དབྱེ་ཡོད། ཡར་འབྲོག་གཡུ་མཚོའི་སྲུང་སྐྱོབ་ཁྱབ་ཁོངས་དེ་བྱེད་ནུས་དང་སྲུང་སྐྱོབ་ཀྱི་བླང་བྱར་གཞིགས་ནས་ལྟེ་བའི་སྲུང་སྐྱོབ་ཁུལ་དང་སྤྱིར་བཏང་གི་སྲུང་སྐྱོབ་ཁུལ་གཉིས་ལ་དབྱེ་ཡོད། ཡར་འབྲོག་གཡུ་མཚོའི་སྲུང་སྐྱོབ་ཁྱབ་ཁོངས་ནང་འཛུགས་སྐྲུན་རྣམ་གྲངས་ཚོད་འཛིན་ནན་པོ་བྱས་ནས། ཡར་འབྲོག་གཡུ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་དང་འབྲུབ་འགོག་གནོད་འགོག ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་སོགས་སྤྱི་པའི་སྒྲིག་ཆས་དང་འབྲེལ་བ་མེད་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་མི་འཇུག་རྒྱུ་དང་། ཆུ་སྙིགས་བཤངས་ས་གསར་པ་བཟོ་མི་འཇུག་རྒྱུ། ཉ་འཛིན་དུ་མི་འཇུག་རྒྱུ་བཅས་རེད། ཡར་འབྲོག་གཡུ་མཚོ་སྲུང་སྐྱོབ་བྱེད་པའི་ནང་སྤྱི་དམངས་ཐེ་ཞུགས་བྱེད་རྒྱུའི་ཐད་སྲོལ་ཡིག་དེའི་ནང་ཡུལ་སྐོར་བས་ལུགས་མཐུན་ཡུལ་སྐོར་བྱེད་རྒྱུར་སྐུལ་ལྕག་དང་སྣེ་ཁྲིད་བྱེད་རྒྱུ་མ་ཟད། ལོ་ལྟར་སྤྱི་ཟླ་ལྔ་པའི་ཚེས ༢༥ ཉིན་དེ་མ་ཡུམ་མཚིའུ་སྲུང་སྐྱོབ་བྱ་སྤྱོད་ཉིན་མོར་གཏན་འཁེལ་བྱས་ཏེ། མ་ཡུམ་མཚིའུ་སྲུང་སྐྱོབ་བྱེད་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སོགས་བྱེད་སྒོ་སྤེལ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱིས་ཡར་འབྲོག་གཡུ་མཚོ་སྲུང་སྐྱོབ་ཡག་པོ་བྱེད་རྒྱུར་སྐུལ་སློང་ཡང་བྱེད་རྒྱུ་རེད།

གཞན་ཡང་སྲོལ་ཡིག་དེའི་ནང་ད་དུང་སྲོལ་ཡིག་དང་བརྒལ་མཁན་ཚན་པ་དང་མི་སྒེར་གྱིས་འཁུར་དགོས་པའི་ཁྲིམས་ལུགས་ཀྱི་འགན་འཁྲི་ཁག་ཀྱང་གཏན་འབེབས་ཁ་གསལ་བཟོས་ཡོད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།