བཙན་ཤེད་ཀྱིས་འཛའ་ཐང་ལ་ཁ་གཡར་ནས་དཔལ་འབྱོར་བཙན་དབང་ལག་བསྟར་བྱེད་པ་ནི་མི་སེམས་ལ་མི་བབ་པ་ཞིག་རེད་ཅེས་པའི་རྒྱལ་སྤྱིའི་དཔྱད་གཏམ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལྟ་བཙན་ཤེད་ཀྱིས་འཛའ་ཐང་ལ་ཁ་གཡར་ནས་དཔལ་འབྱོར་བཙན་དབང་ལག་བསྟར་བྱེད་པ་ནི་མི་སེམས་ལ་མི་བབ་པ་ཞིག་རེད་ཅེས་པའི་རྒྱལ་སྤྱིའི་དཔྱད་གཏམ་དེ་ཞུ་གི་ཡིན།

དཔྱད་གཏམ་ནང་། ཉེ་ཆར་ཨ་རིའི་ནོར་སྲིད་པུས་ཀྲུང་གོ་དངུལ་ལོ་འཛའ་ཐང་ཁ་ལོ་བསྒྱུར་མཁན་རྒྱལ་ཁབ་ཟེར་བའི་ནང་འཇུག་རྩིས་ཡོད་པའི་ཐོག་ནས་ཀྲུང་གོས་རང་ངོས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་བརྟན་པོ་འཛིན་པའི་མདུན་དུ་ཨ་རི་བ་འགའ་ཤས་བྲེལ་ཟིང་ཆེན་པོ་ལངས་ནས་འཛའ་ཐང་གི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོར་ཚད་འདས་གནོན་ཤུགས་སྤྲོད་པ་དང་། དཔལ་འབྱོར་བཙན་དབང་ལག་བསྟར་བྱ་རྩིས་ཡོད་པ་གསལ་བཤད་བྱུང་ཡོད།

འཛའ་ཐང་ལ་ཁ་གཡར་ནས་འགྲན་རྩོད་ཁ་གཏད་ལ་རྡུང་རྡེག་གཏོང་བ་ནི་ཨ་རིའི་རྒྱུན་བཀོལ་གཡོ་ཐབས་ཤིག་ཡིན། ཉེ་ཆར་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ཁྲོམ་རའི་དགོས་མཁོ་དང་སྔོན་དཔག་འགྱུར་བ་འགྲོ་བ་དང་ཆབས་ཅིག་འཕར་ཆག་ངེས་ཅན་བྱུང་ཡོད། ཨ་རི་བ་འགའ་ཤས་ཀྱིས་དེ་གོ་སྐབས་སུ་ངོས་འཛིན་བྱས་ནས། དཔལ་འབྱོར་རྒྱུན་ཤེས་དང་རྒྱལ་སྤྱིའི་ལས་ཁུངས་ཀྱི་དབང་གྲགས་དཔྱད་དཔོག་ལ་མི་བལྟོས་པར་ཁུངས་མེད་ལུང་མེད་ཀྱི་ཟློས་གར་ཞིག་འཁྲབ་ནས། ཀྲུང་གོར་གནོན་ཤུགས་སྤྲོད་རྒྱུ་སྔར་བས་ཤུགས་ཆེར་བཏང་བ་དང་། ཆབས་ཅིག་ཏུ་ཨ་རིའི་རྒྱལ་ནང་གི་ཆབ་སྲིད་དགོས་མཁོ་དང་མཐུན་ཐབས་བྱས་ཡོད་ཅེས་བསྟན་ཡོད།

དཔྱད་གཏམ་ནང་། འགན་འཁུར་བའི་དཔལ་འབྱོར་དངོས་གཞི་ཡིན་པའི་ངོས་ནས། ཀྲུང་གོས་འགྲན་རྩོད་རང་བཞིན་གྱི་འཛའ་ཐང་གཅོག་རྒྱུ་མི་བྱེད་པའི་ཁས་ལེན་ཐེངས་མང་བྱས་ཡོད་ལ། འཛའ་ཐང་དེ་ཉོ་ཚོང་འགྲན་རྩོད་སོགས་ཕྱི་རོལ་ཟིང་འགུལ་ལ་ཁ་གཏད་གཅོག་པའི་ལག་ཆར་ཡང་བརྩི་མི་སྲིད། མི་དམངས་ཤོག་སྒོར་གྱི་འཛའ་ཐང་ཤུགས་ཆེན་ཆག་པ་ཀྲུང་གོའི་ཁེ་ཕན་དང་མཐུན་གྱི་མེད། ཨ་རིས་དངུལ་ལོར་འཛའ་ཐང་ལ་ཁ་གཡར་ནས་ཀྲུང་གོར་གནོན་ཤུགས་སྤྲོད་པའི་རེ་ངན་འཆང་པ་ནི་མི་སེམས་ལ་མི་བབ་པ་ཞིག་ཡིན་པ་དང་། དེ་ཕན་ཉེས་འགྲོ་རྒྱུ་ངེས་ཅན་རེད་ཅེས་བརྗོད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།