ཆོད་སེམས་བརྟན་པོའི་སྒོ་ནས་ཨ་རིས་ཚད་འདས་གནོན་ཤུགས་སྤྲོད་པར་ཆོད་སེམས་བརྟན་པོས་ཁ་གཏད་གཅོག་ཅེས་པའི་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི་ཆོད་སེམས་བརྟན་པོའི་སྒོ་ནས་ཨ་རིས་ཚད་འདས་གནོན་ཤུགས་སྤྲོད་པར་ཁ་གཏད་གཅོག་པ་ཞེས་པའི་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་སྐོང་འཚོགས་བྱས་ཡོད། ཁྱབ་ཁོངས་མི་འདྲ་བ་ནས་ཕེབས་པའི་རིགས་གཅིག་མཁས་པ་མང་པོས་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། ཁོང་ཚོས་ཨ་རིས་དངོས་ཡོད་གནས་ཚུལ་ལ་མི་བལྟོས་པར་ཀྲུང་གོ་ནི་དངུལ་ལོར་འཛའ་ཐང་ཁ་ལོ་བསྒྱུར་མཁན་ཡིན་ཞེས་བརྗོད་པ་ནི་གནག་སེམས་བཅངས་ནས་ཞྭ་མོ་གཡོགས་པ་ཞིག་ཡིན་པ་དང་། དེ་ལྟ་བུའི་བཙན་དབང་རིང་ལུགས་ནི་འཛམ་གླིང་མི་དམངས་དགྲ་བོར་འཛིན་པ་ཞིག་རེད་ཅེས་བརྗོད་ཡོད།

ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་དབུ་བཞུགས་རིགས་གཅིག་མཁས་པ་ཁྲེང་ཏུང་ཆིས། ད་ཐེངས་ཨ་རིའི་སྲིད་གཞུང་ནས་རྒྱུན་སྲོལ་མིན་པ་དང་། གུས་ཞབས་མེད་པའི་སྒོ་ནས་ཀྲུང་གོ་དངུལ་ལོར་འཛའ་ཐང་ཁ་ལོ་བསྒྱུར་མཁན་རྒྱལ་ཁབ་ལ་གཏན་འཁེལ་བྱས་པའི་དམིགས་ཡུལ་གཙོ་བོ་ནི་ཆབ་སྲིད་ཀྱི་དམིགས་ཡུལ་ཡིན་པ་དང་། ཁོ་ཚོས་རང་སྣང་གིས་ཐག་གཅོད་བྱས་པ་ཞིག་རེད་ཅེས་གསུངས་ཡོད།

ཀྲུང་གོའི་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་དཔལ་འབྱོར་ཞིབ་འཇུག་སོའོ་ཡི་འགོ་འཛིན་གཞོན་པ་ཀུའོ་ཁྲུན་ལིས། མིག་སྔར་མི་དམངས་ཤོག་སྒོར་གྱི་འཛའ་ཐང་འཕར་ཆག་ཡོད་པ་ནི་ཁྲོམ་རའི་སྔོན་དཔག་ལ་འགྱུར་བ་བྱུང་བའི་མཚོན་རྟགས་ཤིག་དང་། ཀྲུང་གོའི་ཕྱོགས་ནས་ཁྲོམ་རར་བརྩི་འཇོག་བྱེད་པ་དང་། ཐེ་ཇུས་ཉུང་དུ་བཏང་བའི་མཇུག་འབྲས་ཡིན་ཞེས་གསུངས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་དབྱི་རྨིན་གྱིས་མཇུག་སྡོམ་གནང་ནས། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་བསྐྱོད་པའི་གཞི་ཚུལ་ནི་དབྱེ་འབྱེད་གྲོས་མོལ་བྱེད་པའི་གདིང་ཤུགས་ཡིན་ཞིང་། ཀྲུང་གོའི་དཔལ་འབྱོར་ལ་མི་མངོན་པའི་སྟོབས་ཤུགས་འདང་ངེས་ཡོད་པ་དང་། མཉེན་ཤུགས་ཆེ་བ། བརྐྱང་བསྐུམ་བྱ་གཞི་ཆེ་བ་བཅས་ཡོད་པའི་ཐོག་ནས་ཀྲུང་གོར་འཐབ་ཇུས་བརྟན་ཤུགས་རྒྱུན་འཁྱོངས་བྱེད་པའི་ཡིད་ཆེས་དང་ནུས་པ་ལྡན་པ་ཆགས་ཡོད། ཨ་རིའི་ཕྱོགས་ལ་མུ་མཐུད་གྲོས་མོལ་བྱེད་པའི་འདོད་མོས་ཡོད་ཚེ་ཀྲུང་གོའི་ཕྱོགས་ནས་ལྷག་བསམ་མངོན་པར་བྱེད་འདོད་ཡོད། ཨ་རིའི་ཕྱོགས་ནས་མུ་མཐུད་ཚད་འདས་གནོན་ཤུགས་སྤྲད་པ་ཡིན་ན་ང་ཚོས་ཀྱང་རྩ་དོན་དང་ལ་རྒྱའི་ཐད་གཟུར་བཤོལ་བྱེད་མི་སྲིད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།