ཕྱི་རྒྱལ་གྱི་རིགས་གཅིག་མཁས་པས་ཨ་རིས་ཀྲུང་གོ་ཉིད་དངུལ་ལོར་འཛའ་ཐང་ལ་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ནང་བཞག་པ་དེ་ནི་ཁུངས་ལུང་མེད་པ་རང་རེད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་ནོར་སྲིད་པུས་ཀྲུང་གོ་ཉིད་དངུལ་ལོར་འཛའ་ཐང་ལ་ཁ་ལོ་སྒྱུར་མཁན་གྱི་རྒྱལ་ཁབ་ནང་བཞག་པའི་བྱེད་སྟངས་འདིར་དམིགས་ཏེ། ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ་ཁག་ཅིག་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཨ་རིའི་བྱེད་སྟངས་དེ་ནི་ཕན་ཚུན་འགལ་ཟླར་སོང་བ་ཞིག་ཡིན་པ་དང་གནས་ལུགས་རྒྱུ་མཚན་གང་ཡང་མེད་པས་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་གནོན་ཤུགས་སྤྲོད་སྲིད་པ་མ་ཟད་འཛམ་གླིང་དཔལ་འབྱོར་ཆག་འགྲོ་བའི་ཉེན་ཁ་ཆེ་རུ་གཏོང་སྲིད་ཅེས་གསུངས་ཡོད།

ཨའོ་སི་ཁྲུ་ལི་ཡའི་དཔལ་འབྱོར་རིག་པ་མཁས་ཅན་ཁ་ལི་ཧྥུ་ཐེ་པེ་ནེ་ཐེས། ཉེ་དུས་མི་དམངས་ཤོག་སྒོར་ཨ་སྒོར་དུ་བརྗེ་བའི་འཛའ་ཐང་ཆག་ཡོད། དེ་ནི་ཨ་རིའི་རེ་འཁོར་གསར་པའི་སྒོ་ཁྲལ་སྣོན་བསྡུའི་རྐྱེན་གྱིས་བཟོས་པ་ཞིག་རེད། དེར་བརྟེན། ཨ་རིའི་ཕྱོགས་ནས་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ཆག་པར་འཁང་ར་བྱེད་པ་དེར་རྒྱུ་མཚན་གང་མེད་ཅེས་གསུངས་ཡོད།

ཨ་རིའི་ནེའུ་གཡོག་སློབ་ཆེན་སི་ཐེ་ཨེན་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ གཡོལ་སེ་ཧྥུ་ཧྥུ་ཏིས། ཉེ་བའི་ལོའི་རིང་། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་མི་དམངས་ཤོག་སྒོར་གྱི་འཛའ་ཐང་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་བྱས་ཡོད། ཨ་རིས་ཀྲུང་གོ་ཉིད་དངུལ་ལོར་འཛའ་ཐང་ལ་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ནང་བཞག་པའི་བྱེད་སྟངས་དེ་ནི་ཆབ་སྲིད་ཀྱི་བྱ་སྤྱོད་ཅིག་རེད་ལ། ཨ་རིས་དཔལ་འབྱོར་ཉོ་ཚོང་འགལ་ཟླ་རྣོ་ངར་ཅན་དུ་གཏོང་བའི་བརྡ་རྟགས་ཤིག་རེད་ཅེས་གསུངས་ཡོད།

འབྱུང་འགྱུར་གྱི་ཀྲུང་གོའི་དཔལ་འབྱོར་དང་མི་དམངས་ཤོག་སྒོར་གྱི་འཛའ་ཐང་ འཕེལ་ཕྱོགས་ལ་བལྟས་ཚེ། པེ་ནེ་ཐེས། ཀྲུང་གོའི་དཔལ་འབྱོར་སྤྱིའི་ཆ་ནས་ཡག་པོ་ཡོང་རྒྱུ་དང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འགལ་ཟླའི་རྒྱབ་ལྗོངས་འོག་ཏུའང་ཀྲུང་གོའི་དཔལ་འབྱོར་གྱིས་སྔར་བཞིན་འཕར་ཚད་མྱུར་པོ་རྒྱུན་འཁྱོངས་བྱེད་ཐུབ། མི་དམངས་ཤོག་སྒོར་ཨ་སྒོར་དུ་བརྗེ་བའི་འཛའ་ཐང་ཡང་ཚོད་འཛིན་ཐུབ་པ་ཞིག་རེད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།