བོད་ལྗོངས་ཀྱིས་དྲ་ཐོག་དངུལ་ཁང་དང་ཁྲལ་དོན་མཉམ་འགུལ་བྱས་པས་ཁེ་ལས་འབྲིང་ཆུང་ཁག་ལ་སྟབས་བདེ་སྐྲུན།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལོའི་སྤྱི་ཟླ ༧ བདུན་པར་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུད་ཀྱིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་དང་མཉམ་འབྲེལ་ཐོག་དྲ་ཐོག་དངུལ་ཁང་དང་ཁྲལ་དོན་མཉམ་འགུལ། སྤྲིན་རྩིས་དཔྱ་ཁྲལ་དངུལ་བུན་ཐོན་རྫས་ཐོག་མར་བཏོན་པས། ཁེ་ལས་ཀྱི་ཡིད་རྟོན་འཛུགས་སྐྱོང་ལ་ཕན་པ་ཐོབ་ཡོད་ལ་ཁེ་ལས་ཆུང་གྲས་ཀྱི་མ་དངུལ་བསྡུ་རྒྱུགས་ཁག་པའི་གནད་དོན་ཡང་ཐག་གཅོད་ཐུབ་རྒྱུ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། དྲ་ཐོག་དངུལ་ཁང་དང་ཁྲལ་དོན་མཉམ་འགུལ། སྤྲིན་རྩིས་དཔྱ་ཁྲལ་དངུལ་བུན་ཐོན་རྫས་ནི་སྤྱི་ལོ ༢༠༡༥ ལོའི་ཟླ་བ་ལྔ་པར་བོད་ལྗོངས་ཀྱི་དངུལ་ཁང་དང་ཁྲལ་དོན་ཚན་པས་མཉམ་འབྲེལ་ཐོག་ཁྲལ་འཇལ་ཡིད་རྟོན་ཐོན་རྫས་ཁག་དྲུག་བཏོན་རྗེས་སླར་ཡང་བཏོན་པའི་ཐོན་རྫས་ཤིག་ཡིན། འཛུགས་སྐྲུན་དངུལ་ཁང་གི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། ཐོན་རྫས་དེ་བརྒྱུད་དངུལ་བུན་གཡར་རྒྱུ་ཧ་ཅང་སྟབས་བདེ་པོ་ཡོད། སྲོལ་རྒྱུན་ཐབས་ལམ་བརྒྱུད་དངུལ་བུན་རེ་ཞུ་བྱེད་པར་དཔྱད་གཞི་མཁོ་འདོན་དང་ཞིབ་མཆན་འགོད་པ། གན་རྒྱ་འཇོག་པ། ཁག་ཐེག་དོན་འཁྱོལ་སོགས་འགྲོ་ལུགས་བརྒྱུད་དགོས་པས་དངུལ་བུན་གཡར་བར་ཟླ་བ་གཅིག་ནས་གཉིས་བར་འགོར་གྱི་ཡོད།

རང་སྐྱོང་ལྗོངས་ཁྲལ་དོན་ཅུད་ཀྱི་སྤྱི་ཁྱབ་རྩིས་བཤེར་ཆེ་མོ་ལེའི་ཅིས་ཞོན་གྱིས་དངུལ་ཁང་ནས་དངུལ་བུན་གཡར་བ་དང་། ཁྲལ་འཇལ་མཁན་གྱི་ཡིད་རྟོན་ཕན་ཚུན་འབྲེལ་བ་བྱེད་པ་དང་ནུས་པ་ཐོན་པ་བྱེད་རྒྱུ་ནི་མཉམ་འབྲེལ་གྱི་བྱ་ཐབས་གསར་པ་ཞིག་རེད། སྤྱི་ལོ ༢༠༡༥ ལོའི་ཚུན་དུ་རང་སྐྱོང་ལྗོངས་ཁྲལ་དོན་ཅུད་ཀྱིས་ཚོང་ལས་དངུལ་ཁང་དྲུག་དང་མཉམ་ལས་གྲོས་མཐུན་བཞག་སྟེ་མཉམ་འབྲེལ་ཐོག་དངུལ་རྩའི་ཡིད་རྟོན་རྫས་རིགས་དྲུག་བཏོན་པ་དང་། ལྗོངས་ཡོངས་སུ་དངུལ་ཁང་དང་ཁྲལ་དོན་མཉམ་འགུལ་བྱེད་སྒོ་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་འཛུགས་སྐྲུན་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཀུན་ཕན་དངུལ་རྩའི་དངུལ་བུན་སྒོར་དུང་ཕྱུར ༢༢.༣༨ བཏང་ཡོད་ཅེས་བཤད་པ་རེད།

གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ད་ལོའི་སྤྱི་ཟླ ༦ པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱི་རིམ་ཁག་ཁྲལ་དོན་ཚན་པས་མཆན་འགོད་དངུལ་ཁང་ལ་ཀ་པ་རིམ་པའི་ཁྲལ་འཇལ་ཁེ་ལས་འོས་སྦྱོར་ཐེངས ༨༨༠༨ དང་། ཁ་པ་རིམ་པའི་ཁྲལ་འཇལ་ཁེ་ལས་འོས་སྦྱོར་ཐེངས ༣༨༢༨༦ བྱས་པར་ཁེ་ལས ༥༨༣ ལ་དངུལ་ཁང་གི་ཡིད་རྟོན་ཐོབ་པ་རེད། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ཚན་པས་ཁྲལ་འཇལ་ཁེ་ལས་ལ་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར ༡༦.༨ དང་ཁེ་ལས་ཆུང་གྲས་ལ་དངུལ་བུན་སྒོར་དྲུང་ཕྱུར ༡༡.༣༧ བཏང་ཡོད་པས། མི་ཆིག་སྟོང་ལྷག་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་ཐུབ་ནས་ཁྲལ་འཇལ་ཁེ་ལས་འབྲིང་ཆུང་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ནུས་པ་གང་ལེགས་ཐོན་པ་རེད།

བོད་ལྗོངས་ཁམས་བཟང་ས་གཤིས་ལས་གཞི་ཚད་ཡོད་ཀུང་སིའི་རྡུང་ཧྲེ་ཀྲང་དཀོན་མཆོག་ཆོས་སྒྲོན་གྱིས། ང་ཚོའི་ཀུང་སིས་དངུལ་ཁང་དང་ཁྲལ་དོན་མཉམ་འགུལ་གྱི་བྱ་ཐབས་བརྒྱུད་དངུལ་བུན་སྒོར་ཁྲི་ཚོ་བརྒྱ་གཡར་ཐུབ་བྱུང་ཞེས་བཤད་པ་རེད།

ལེའི་ཅིས་ཞོན་གྱིས་ཁྲལ་བསྡུའི་ཡིད་རྟོན་དང་དངུལ་རྩའི་ཡིད་རྟོན་གཉིས་ངོ་བོའི་ཐད་ནས་བཤད་ན། ཁྲལ་འཇལ་མཁན་གྱི་སྤྱི་ཚོགས་ཡིད་རྟོན་ཡིན་པས་འདྲ་བའི་ཆ་ཡོད་པར་བརྟེན་དེ་གཉིས་ཟུང་དུ་འབྲེལ་ཚེ་ཐོན་ཁུངས་གཅིག་སྒྲིལ་དང་ལེགས་ཆ་གསབ་རེས་ཀྱི་ནུས་པ་ཐོན་གྱི་ཡོད། ཁེ་ལས་དང་ཁྲལ་དོན། དངུལ་ཁང་བཅས་ཀྱི་ཕྱོགས་བསྡུས་རིག་ནུས་ཞབས་ཞུའི་སྟེགས་བུ་སྐྲུན་པ་བརྒྱུད་དྲ་ཐོག་དངུལ་ཁང་དང་ཁྲལ་དོན་གྲངས་གཞི་ཐད་ཀར་འབྲེལ་མཐུད་ཐུབ་ནས། ཁེ་ལས་ཀྱི་ཁྲལ་འཇལ་དང་མ་རྩ་བསྡུ་རྒྱུག་ཟུང་འབྲེལ་ཐུབ་པ། ཁེ་ལས་ཆུང་གྲས་ཀྱི་མ་རྩ་བསྡུ་རྒྱུགས་ཁག་པའི་གནད་དོན་ཐག་གཅོད་ཐུབ་སྟེ་ཁེ་ལས་དང་དངུལ་ཁང་། ཁྲལ་དོན་བཅས་ཕྱོགས་གསུམ་ལ་ཕན་པའི་རྣམ་པ་ཞིག་རིམ་བཞིན་སྒྲུབ་རྒྱུ་རེད་ཅེས་བཤད་པ་རེད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།