བོད་ལྗོངས་ཀྱིས་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྲིན་འཚོང་སྦྲེལ་མཐུད་དང་ཁུལ་ཁོངས་སྤུས་རྟགས་གཏོད་པའི་སྦྱོང་བརྡར་འཛིན་གྲྭ་གཉེར།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉིན་ཤས་གོང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་བྲིན་འཚོང་སྦྲེལ་མཐུད་ལས་དོན་སྔར་བས་ཡག་པོ་སྒྲུབ་ནས་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་སྤུས་ཚད་དང་ལས་ཆོད་མཐོ་རུ་བཏང་སྟེ། ཐོན་སྐྱེད་ཆུང་གྲས་དང་ཁྲོམ་ར་ཆེ་མོའི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཆེད། ཀྲུང་ཧྭ་རྒྱལ་ཡོངས་མཁོ་འཚོང་སྤྱི་ཁྱབ་ཁང་གི་ཕྱོགས་བསྡུས་སྦྱོང་བརྡར་ལྟེ་གནས་དང་པེ་ཅིང་ཚོང་ལས་དོ་དམ་ལས་བྱེད་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་། རང་སྐྱོང་ལྗོངས་མཁོ་འཚོང་མཉམ་ལས་ཁང་གིས་གཉེར་སྒྲུབ་བྱས་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྲིན་འཚོང་སྦྲེལ་མཐུད་དང་ཁུལ་ཁོངས་སྤུས་རྟགས་གཏོད་པའི་སྦྱོང་བརྡར་འཛིན་གྲྭ་ལྷ་སར་གཉེར་བ་རེད།

དུས་ཡུན་ཉིན་བཞིའི་སྦྱོང་བརྡར་བྱས་པ་བརྒྱུད། ལྗོངས་ཕྱི་ནང་ས་ཆ་ཁག་གི་མཁོ་འཚོང་ཁང་དང་ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཞིང་འབྲོག་ཐོན་རྫས་ཀུང་སི་བཅས་ཀྱི་འགན་འཁུར་བ ༢༠༠ ཙམ་སྦྱོང་བརྡར་ནང་ཞུགས་པ་དང་། སྦྱོང་བརྡར་ཐོག་ལྗོངས་ཕྱི་ནང་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་ཚོས་སྤུས་རྟགས་གཏོད་པ་དང་། ཞིང་ལས་ཐོན་རྫས་དྲ་ཐོག་བརྒྱུད་བྲིན་འཚོང་དང་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཚོད་འཛིན། ཁུངས་འདེད་ཆོག་པའི་མ་ལག་འཛུགས་སྐྱོང་། བོད་ཀྱི་ཞིང་འབྲོག་ཐོན་རྫས་སྤུས་རྟགས་སྐྱེད་སྲིང་སོགས་ཀྱི་བརྗོད་གཞིར་དམིགས་ནས་འབྲེལ་ཡོད་ཤེས་བྱ་སླབ་པ་རེད། ཐེངས་དེའི་སྦྱོང་བརྡར་འཛིན་གྲྭའི་ཐོག་རིགས་གཅིག་མཁས་ཅན་གདན་ཞུས་བྱས་ནས། སློབ་ཚན་ཁྲིད་པ་ཕུད་ས་གནས་ས་ཐོག་ཏུ་ལྟ་ཞིབ་སློབ་སྦྱོང་དང་སྤེལ་རེས། ཞིང་འབྲོག་ཐོན་རྫས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་པ་རེད།

ཉེ་བའི་ལོའི་རིང་མཁོ་འཚོང་སྤྱི་ཁྱབ་ཁང་དང་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་མཁོ་འཚོང་ཁོངས་གཏོགས་ཀྱིས་བོད་ཀྱི་མཁོ་འཚོང་བྱ་གཞག་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་པ་དང་། སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་བར་སྤྱི་ཁྱབ་མཁོ་འཚོང་ཁང་གིས་བོད་ལ་འབྲེལ་ཡོད་མ་དངུལ་སྒོར་ཁྲི་ཚོ ༥༠༠༠ ལྷག་ཙམ་རྒྱབ་སྐྱོར་བྱས་ཏེ་རྣམ་གྲངས ༥༡ སྐྲུན་ཡོད། ད་ལོའི་སྤྱི་ཟླ ༥ པ་བར་ཁ་གཏད་བོད་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་མཁོ་འཚོང་མཉམ་ལས་ཁང་དགུ་དང་སྦྲེལ་མཐུད་བྱས་པས། ད་ལོའི་སྤྱི་ཟླ་དགུ་པར་རྒྱལ་ཡོངས་མཁོ་འཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱིས་བོད་དུ་དབུལ་གྲོལ་འགག་སྒྲོལ་གྱི་ཐོན་སྐྱེད་བྲིན་ཚོང་སྦྲེལ་མཐུད་ཚོགས་འདུ་འཚོགས་རྒྱུར་རྨང་གཞི་བཏིངས་ཡོད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།