གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་ལས་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེ་བྱས།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ད་ལོའི་ཚུན་དུ། གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་དབུལ་གྲོལ་འགག་སྒྲོལ་ཐད་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད། སྤྱི་ལོ ༢༠༡༩ ལོར་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་ཚན་རིག་ཁྱབ་གདལ་དཔེ་སྟོན་རྟེན་གཞི་བཞི་དང་ཚན་རིག་ཁྱབ་གདལ་སྣེ་ཁྲིད་པ་གཅིག ཞིང་འབྲོག་ཁུལ་གྱི་ཕུལ་བྱུང་ཚན་རིག་ཁྱབ་གདལ་ཆ་འཕྲིན་པ ༢༠ བཅས་དཔྱད་འདེམས་བྱས་པ་དེས་ལྗོངས་ཡོངས་ཀྱི་ཕུལ་བྱུང་ཚན་རིག་ཁྱབ་གདལ་ཆ་འཕྲིན་པའི་བརྒྱ་ཆ ༨༠ བཟུང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་གཞིས་རྩེ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་འཆར་འགོད་རྣམ་གྲངས་གྲས་སྟེ་གཞིས་རྩེའི་འབྲོང་པ་རྫོང་གི་ཧོར་པའི་བརྒྱུད་བཟང་ལུག་འདེམས་གསོ་དང་ཁྱབ་སྤེལ་ལག་རྩལ་ཞིབ་འཇུག་ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༡༥༠ བཏང་ཡོད། ཀྲུང་དབྱང་ནས་ས་གནས་ཀྱི་ཚན་རྩལ་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་ཆེད་དོན་མ་དངུལ་རྣམ་གྲངས་སྟེ། ལྷ་རྩེ་རྫོང་གི་བོད་བྱའི་སྲུང་སྐྱོབ་རྣམ་གྲངས་ལག་བསྟར་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༢༠༠ བཏང་ཡོད་ཅིང་། ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་རྫས་ཞིབ་འཇུག་ཟོའོ་ལ་བརྟེན་ནས་ནས་ཀྱི་བཟའ་བཅའ་ཞིབ་འཇུག་གསར་སྤེལ་གྱི་འཆར་གཞི་ལག་བསྟར་བྱས་པ་དང་། དེང་སྐབས་པ་སྣམ་རྫོང་གིས་ནས་ཀྱི་ཁྱད་ལྡན་བཟའ་བཅའི་ཐོན་སྐྱེད་བྱེད་གནས་གཉིས་བཏོད་དེ་སླད་ཕྱིན་ཆད་ནས་ཀྱི་བཟའ་བཅའ་གསར་སྤེལ་བྱེད་རྒྱུའི་ཐད་རྨང་གཞི་བཟང་པོ་བཏིངས་ཡོད།

གཞན་ཡང་། གཞིས་རྩེ་གྲོང་ཁྱེར་གྱིས་གམ་པ་དང་འབྲོང་པ་སོགས་འབྲོག་ལས་རྫོང་༼ ཆུས ༽༨ ལ་རང་སྐྱོང་ལྗོངས་ཀྱི་རིགས་གཅིག་མཁས་ཅན་གདན་ཞུ་བྱས་ཏེ། འབྲོག་པ ༩༠༢ ལ་ལག་རྩལ་སྦྱོང་བརྡར་སྤྲད་པ་རེད། གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་གྱིས་ཚན་རྩལ་གསར་གཏོད་ཀྱི་ནོར་སྲིད་མ་དངུལ་གཏོང་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚན་རྩལ་སྒྲིག་གཞི་དང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དེ་ཡོངས་ཀྱི་དབུལ་གྲོལ་འགག་སྒྲོལ་ཐད་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་བྱེད་རྒྱུ་རེད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།