རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་ཐད་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་ཞུ་ཡོངས་བསྒྲགས་བྱས་ཤིང་། སྙན་ཞུ་ལས་མངོན་པར། ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་ཚན་རྩལ་ལས་དོན་པས་རྒྱུན་མཐུད་འབད་འཐབ་དང་འབད་བརྩོན་ལྷོད་མེད་བྱས་པས་ཀྲུང་གོའི་ཚན་རྩལ་སྟོབས་ཤུགས་དེ་ཉིད་གཞན་གྱི་རྗེས་མ་ཟིན་པ་ནས་མཉམ་བགྲོད་མཉམ་གཤིབ་དང་ཐ་ན་སྔོན་དུ་སྐྱོད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་སྟེ། ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོར་གྱུར་བ་མ་ཟད། འཛམ་གླིང་གི་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་ཀྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད། སྙན་ཞུ་ལས་མངོན་པར། རང་རྒྱལ་གྱི་ཞིབ་འཇུག་གསར་གཏོད་མི་སྣའི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཡོད། 2018ལོར་ཉིན་ཧྲིལ་པོའི་ལས་འབོར་བསྡུས་ནས་བརྩིས་ན། རྒྱལ་ཡོངས་ཀྱི་ཞིབ་སྤེལ་མི་སྣའི་བསྡོམས་འབོར་ལོ་རེར་མི་ཁྲི་419ཟིན་ནས་ལོ་6བསྟུད་མར་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་ཡོད། རང་རྒྱལ་གྱི་ཞིབ་འཇུག་གསར་གཏོད་ཀྱི་འགྲོ་གྲོན་གཏོང་ཆ་རྒྱུན་མཐུད་མགྱོགས་མྱུར་འཕར་ནས་2018ལོར་སྒོར་དུང་ཕྱུར་19657ཟིན་པ་དེ་1991ལོའི་ལྡབ་138ཡིན་པ་དང་། 1992ལོ་ནས་2018ལོ་བར་ལོ་རེར་ཆ་སྙོམས་20.0%འཕར་བ། ཁེ་བེད་བདག་ཐོབ་གསར་གཏོད་བྱེད་ཚད་ཆེས་ཆེར་མང་དུ་ཕྱིན་ཡོད། 2018ལོར་རང་རྒྱལ་གྱི་ཁེ་བེད་བདག་ཐོབ་ཀྱི་རེ་ཞུའི་གྲངས་འབོར་དང་དབང་ཆ་སྤྲོད་ཚད་སོ་སོར་ཁྲི་432.3དང་ཁྲི་244.8ཟིན་པ་དེ་1991ལོའི་ལྡབ་86དང་ལྡབ་98རེད། སྲིད་གཞུང་གིས་རོགས་སྐྱོར་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། 2017ལོར་རྒྱལ་ཁབ་ཀྱི་ནོར་སྲིད་ཚན་རྩལ་གྱི་གཏོང་སྒོ་སྒོར་དུང་ཕྱུར་8383.6ཟིན་པ་དེ་1980ལོའི་ལྡབ་130རེད

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།