ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་ཚུར་ལན་སློག་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པས་བོད་རང་སྐྱོང་ལྗོངས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པའི་གནས་ཚུལ་ཚུར་ལན་སློག་པའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཀྲུང་དབྱང་གི་ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་13པའི་ཙུའུ་ཀྲང་ཀྲུའུ་ཝུའེ་ཆུན་གྱིས་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་ལྟ་སྐུལ་མཛུབ་ཁྲིད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་གནང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྟ་སྐུལ་མཛུབ་ཁྲིད་ཀྱི་དག་ཐེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་རྣམ་འགྱུར་མཚོན་པའི་གསུང་བཤད་གནང་བ་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲང་ཀྲི་ཅེ་དང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཕེབས་ཡོད་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཀྲུའུ་ཝུའེ་ཆུན་གྱིས་བོད་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་འཕེལ་རིམ་བྱུང་ནས་ལྗོངས་ཡོངས་སུ་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། སྤྱི་ཚོགས་ལྷིང་འཇགས་སྒྲིག་ལམ་ལྡན་པ། མི་སེར་བདེ་སྡོད་ལས་བརྩོན་ཐུབ་པའི་རྣམ་པ་བཟང་པོ་མངོན་ཡོད་མོད། འོན་ཀྱང་ནག་སེལ་གཤེད་བཅོམ་ཐད་ལ་མངོན་གསལ་དོད་པའི་གནད་དོན་ཁ་ཤས་སྔར་བཞིན་གནས་ཡོད་པ་སྟེ། དེ་དག་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་མི་འདང་བ་དང་། ནག་སེལ་གཤེད་བཅོམ་འཐབ་ཇུས་བཀོད་སྒྲིག་གི་དོན་སྙིང་གལ་ཆེན་དང་ནང་དོན་ཟབ་མོར་གོ་བ་ལེན་ཚད་མི་འདང་བ། ཆེད་དོན་འཐབ་རྩོད་ཀྱི་དུས་བབ་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུ་གནད་ལ་མི་འཁེལ་བ། ས་གནས་ཁག་དང་སྡེ་ཚན་ཁག་གི་ནག་སེལ་གཤེད་བཅོམ་ལས་དོན་སྤེལ་རྒྱུ་དོ་སྙོམས་མེད་པ། ཁྲིམས་བཞིན་ཆད་པ་ནན་པོ་གཅོད་པ་དང་། རྒྱབ་རྩ་གཏོར་བ། ཟ་ལམ་འགོག་པ་བཅས་ཀྱི་ཐད་སྔར་བཞིན་ལས་དོན་སྤེལ་ཤུགས་མི་འདང་བའི་གནད་དོན་གནས་པ། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཟུང་འབྲེལ་དམ་ཟབ་བྱེད་ཤུགས་མི་འདང་བ་བཅས་རེད་ཅེས་གསུངས་པ་རེད།

བོད་རང་སྐྱོང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ལས་དོན་ཐད་གནས་པའི་གནད་དོན་ལ་དམིགས་ནས་ཀྲུའུ་ཝུའེ་ཆུན་གྱིས་དག་ཐེར་གྱི་བསམ་འཆར་ཁག་དྲུག་བཏོན་གནང་བ་སྟེ། གཅིག་ནས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ་རང་སྐྱོང་ལྗོངས་སུ་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་ཚ་རླབས་གསར་པ་འཕྱུར་བར་བྱེད་དགོས་པ་དང་། གཉིས་ནས་སྒྲིག་འཛུགས་བྱེད་ཤུགས་ཆེ་རུ་བཏང་ནས་ནག་གཤེད་ཀྱི་ཕྱོགས་གཏོགས་དང་སྤྱི་ཚོགས་ཟང་ཟིང་གི་སྣང་ཚུལ་ལ་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས་པ། གསུམ་ནས་གྲོང་ཚོའི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་སྲིད་དབང་རྨང་གཞི་བརྟན་དུ་གཏོང་དགོས་པ། བཞི་ནས་བོད་ཀྱི་དམིགས་བསལ་ལྗོངས་བབ་དང་ཟུང་འབྲེལ་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་རྒྱུ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་དགོས་པ། ལྔ་ནས་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་དགོས་པ། དྲུག་ནས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ཚུར་ལན་གནས་ཚུལ་ལ་མཐོང་ཆེན་པོ་བྱས་ནས་དག་ཐེར་གྱི་ལས་དོན་དོན་འཁྱོལ་ནན་ཏན་བྱེད་དགོས་པ་བཅས་རེད།

ཝུའུ་དབྱིང་ཅེས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་བཏོན་པའི་དག་ཐེར་གྱི་བླང་བྱ་དང་། བསམ་འཆར། གྲོས་འགོ་བཅས་ལ་རེ་རེ་བཞིན་དག་ཐེར་བྱ་ཐབས་བཟོས་ནས་ཕྱོགས་ཡོངས་ནས་དག་ཐེར་དང་། མགྱོགས་མྱུར་དག་ཐེར། མཐའ་གཅིག་ཏུ་དག་ཐེར་བཅས་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཝུའུ་དབྱིང་ཅེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཐའ་ཚད་ཀྱི་བསམ་གཞི་མཐའ་འཁྱོངས་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ནག་སེལ་གཤེད་བཅོམ་ནི་བརྟན་ལྷིང་སྲུང་སྐྱོང་བྱེད་པ་ཞིག་ཡིན་པའི་འདུ་ཤེས་ཟབ་ཏུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། མ་བྱུང་སྔོན་འགོག་བྱེད་རྒྱུ་རྩ་དོན་དུ་བྱས་ནས་ལས་དོན་སྒྲུབ་པ། གནད་དོན་ཆེན་པོ་མ་ཐོན་པའི་རྨང་གཞི་འདིང་བ་དང་གྲ་སྒྲིག་བྱེད་པ། འགན་འཁུར་ཕོད་པ་དང་འགན་འཁྲི་དོན་འཁྱོལ་བྱེད་རྒྱུ་ཚད་གཞིར་བཟུང་སྟེ་ལས་བྱེད་པར་ལྟ་སྟངས་འཛིན་པ། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྒུལ་ཤུགས་སུ་བྱེད་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་རྒྱུ་གཙོ་གནད་དུ་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་བསྒྲིལ་རྒྱུ་སྟོན་ཕྱོགས་སུ་བྱེད་པ། རྒྱབ་རྩ་གཏོར་རྒྱུ་ཚད་བརྒལ་དུ་བྱེད་པ། ཁྲིམས་བཞིན་ཆད་པ་ནན་པོ་གཅོད་རྒྱུ་འགན་ལེན་དུ་བྱེད་པ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་རྨང་གཞིར་བྱེད་པ་བཅས་ཀྱིས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་མི་དམངས་ཀྱི་དམག་འཁྲུག་དེར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་སྤྱི་ཚོགས་བརྟན་ལྷིང་ཐད་གཞན་སྐུལ་ནས་རང་འགུལ་དུ་འགྱུར་བར་བྱས་ཏེ་དུས་རབས་གསར་པར་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར།