མདོ་ལ་རིང་མོའི་འབྲོག་རའི་དབྱར་དུས་ཀྱི་ལྷན་འཛོམས།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

དབྱར་གཞུང་དུ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་རྩྭ་ཐང་གཡུ་ཡི་གཞོང་པ་ལྟར་གྱུར་ཡོད་ལ། སྤྲིན་དཀར་ཚོམ་བུས་བརྒྱན་པའི་དགུང་སྔོན་འོག་ལུག་ཁྱུ་རྣམས་རྩྭ་ཆུར་ཅི་དགར་རོལ་བཞིན་ཡོད། ཧུའུ་ནན་ཁྲང་ཧྲ་ནས་ཡོང་བའི་ཡུལ་སྐོར་བ་ལིའུ་ཤང་ཅེ་དང་རོགས་ཟླ་ཚོས་ནམ་དུས་དབྱར་ཁར་ཡང་མདོ་ལ་རྫོང་དུ་གྱོན་གོས་མཐུག་པོ་འདི་འདྲ་གྱོན་དགོས་པ་བསམ་བློར་འཁོར་མྱོང་མེད།

མཚོ་སྔོན་ཞིང་ཆེན་ནི་ས་མཐོའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཁོངས་སུ་གཏོགས། དབྱར་ཁ་བསིལ་ལ་སྐྱིད་པོ་ཡོད། 《ཀྲུང་གོ་རྒྱལ་ཁབ་ས་ཁམས》ཀྱིས་མདོ་ལ་རིང་མོའི་རྩྭ་ཐང“ཀྲུང་གོའི་རྩྭ་ཐང་མཛེས་ཤོས”གྲས་སུ་བདམས་པ་དང་། དེ་གའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3169ཟིན་པ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲེ་ཏུའུ་1ཟིན་གྱི་ཡོད། མུ་ལ་མུ་འབྲེལ་གྱི་གངས་རིའི་རྩེ་མོ་སྨུག་པ་འཁྲིགས་པ་དང་། ནོར་ལུག་གི་ཁྱུ་ཚོ་རྩྭ་ཆུ་འཛོམས་པའི་རྩྭ་ཐང་དུ་རྩྭ་ཆུར་ཅི་དགར་རོལ་བའི་རང་བྱུང་མཛེས་ལྗོངས་དག་མཐོང་སྐབས། ཡུལ་སྐོར་བ་རྣམས་ལ་ལྷ་ཡུལ་དུ་སླེབས་པ་ལྟར་གྱི་སྣང་བ་ཞིག་ཤུགས་ཀྱིས་སྟེར་གྱི་ཡོད།

སྤང་རི་བརྒྱུད་རྗེས་མཁར་དམར་གནའ་གྲོང་དུ་འབྱོར་གྱི་ཡོད། ལོ་ངོ་800ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་གྲོང་འདི་ནི་གནའ་བོའི་དར་གོས་ལམ་བུའི་ལམ་མདོ་གལ་ཆེན་ཞིག་རེད། སྔོན་ཆད་ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོའི་ཐོག་གི“སྐམ་སའི་གྲུ་ཁ”ཞེས་འབོད་པ་དང་། ད་ཆ་སྔོན་མའི་འདུ་འཛི་ཆེ་བའི་རྣམ་པ་བསྐྱར་དུ་མངོན་ཡོད། གྱོན་ཆས་ཁྲ་ཁྲ་སིལ་སིལ་གྱོན་པའི་ཡུལ་སྐོར་བའི་ཚོགས་པ་ཁྲོམ་གཞུང་གི་གང་སར་མཐོང་རྒྱུ་འདུག སྔོན་ཆད་ཀྱི་རྔ་མོང་རུ་ཁག་ད་ཆ་ཡུལ་སྐོར་བས་ལྷན་འཛོམས་དྲན་རྟེན་པར་རྒྱག་ས་གལ་ཆེན་དུ་གྱུར་ཡོད། ཁྲོམ་གཞུང་ངོགས་གཉིས་ཀྱི་ཚོང་ཁང་དུ་ཁག་གཅིག་གིས་སིལ་ཟས་འཚོང་བ་དང་། ལ་ལས་ས་གནས་དེ་གའི་འབྲོག་པས་བཟོས་པའི་ཡུལ་སྐོར་དྲན་རྟེན་དངོས་པོ་འཚོང་བ། ད་དུང་འབའ་ཞིག་གིས་རྩྭ་ཐང་སྟེང་གི་ལྷད་མེད་བཟའ་བཅའ་སེར་ཤ་འཚོང་བཞིན་འདུག ལོ་བརྒྱ་ཕྲག་ཁུ་སིམ་མེར་གནས་པའི་མཁར་དམར་གནའ་གྲོང་དབྱར་གཞུང་དུ་ཡུལ་སྐོར་གནས་མཆོག་ཏུ་གྱུར་ཡོད།

མདོ་ལ་རྫོང་གི་ཡུལ་སྐོར་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་མདོ་ལ་རྫོང་གིས་ཡུལ་སྐོར་བ་ཁྲི་94.9ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་7.6%འཕར་བ་དང་། ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་3.03བྱུང་བ་དེ་དུས་མཚུངས་ལས་27.3%འཕར་ཡོད།

ཀྲོའུ་དབྱི་ཏུང་གིས་སྤང་ལྗོངས་སྔོན་པོའི་དཀྱིལ་དུ་ཡོད་པའི་མདའ་ལྟར་འདྲོང་བའི་གཞུང་ལམ་དུ་རླངས་འཁོར་དལ་བུར་བཏང་ནས་ལམ་བར་གྱི་མཛེས་ལྗོངས་ལ་མྱོང་རོལ་ཟབ་མོ་བྱེད་བཞིན་འདུག ཁོང་གིས“སང་ལོའི་དབྱར་ཁར་ང་ད་དུང་འདི་གར་ཡོང་གི་ཡིན”ཞེས་བཤད།

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།