ལོ་སྟོད་དུ་ལྷ་སའི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4978ཟིན་པ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོ་ཚུན། ལྷ་སའི་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་མྱུར་པོ་འཕར་བའི་རྣམ་པ་མངོན་པ་དང་གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བའི་སྤུས་ཚད་མཐོ་རུ་བརྟན་པོ་སོང་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། ལོ་སྟོད་དུ། ལྷ་སའི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་4978ཟིན་ནས་དུས་མཚུངས་ལས་12.5%འཕར་ཞིང་། དེའི་ནང་གླ་ཆའི་རང་བཞིན་གྱི་ཡོང་འབབ་སྒོར་2130ཟིན་ནས་དུས་མཚུངས་ལས་24.9%འཕར་བ་དང་། གཉེར་སྐྱོང་གི་ཡོང་འབབ་ཁེ་གཙང་སྒོར་1738ཟིན་ནས་དུས་མཚུངས་ལས་0.2%འཕར་བ། གཞན་སྒྱུར་ཡོང་འབབ་ཁེ་གཙང་སྒོར་840ཟིན་ནས་དུས་མཚུངས་ལས་3.1%འཕར་བ། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་སྒོར་270ཟིན་ནས་དུས་མཚུངས་ལས་58.8%འཕར་བ་བཅས་རེད།

བསྡོམས་འབོར་ནས་བསྡུར་བ་བྱས་ན། ལྷ་ས་གྲོང་ཁྱེར་གྱི་བསྡོམས་འབོར་ལྗོངས་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་འཕར་ཚད་ལས་སྒོར་969ཡིས་མཐོ་བ་ཡོད། འཕར་ཚད་ནས་བསྡུར་བ་བྱས་ན། ལྷ་ས་གྲོང་ཁྱེར་གྱི་ལོ་སྟོད་ཀྱི་འཕར་ཚད་12.5%ཟིན་ནས་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.5མཐོ་རུ་སོང་བ་དང་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་མཚུངས་ཡིན་ལ་ལྗོངས་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འབབ་འཕར་སྲིད་ཇུས་སྣ་ཚོགས་སྔ་རྗེས་སུ་བཏོན་ཡོད། དེའི་ནང་གྲོང་གསེབ་ཀྱི་ངལ་ནུས་རྩ་འཛུགས་བསྡུ་སྒྲིལ་དང་། ཚད་ལྡན་རྣམ་གྲངས་ཀྱི་མཉམ་ལས། རྩ་འཛུགས་ཀྱི་རྩལ་ནུས་གསོ་སྦྱོང་བཅས་ལ་བརྟེན་ནས་དུས་ཡུན་རིང་ལ་ཚད་དང་ལྡན་པའི་ངལ་ནུས་ཕྱིར་གཏོང་རྣམ་པ་ཞིག་ཆགས་ཡོད། འདི་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་མི་ཐེངས་3391ལ་ངལ་ནུས་རྩལ་ནུས་གསོ་སྦྱོང་བྱས་པ་དེ་དུས་མཚུངས་ལས་61.3%འཕར་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལས་ཞུགས་གཞན་སྒྱུར་ཐེངས་23861དང་མི་ཐེངས་51419བྱས་པ་དེ་དུས་མཚུངས་ལས་5.2%དང་3%སོ་སོར་འཕར་བ། གྲོང་གསེབ་ས་ཞིང་གི“དབང་ཆ་གསུམ་ལོགས་དབྱེ”ལག་ལེན་བརྟན་པོ་བསྟར་ནས་གྲོང་གསེབ་ཀྱི་ས་ཆ་དང་ཁང་པ་སོགས་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱས་ཏེ་དེ་དག་འཁོར་རྒྱུག་གིས་རིན་ཐང་འཕར་བར་བྱས་ཡོད། ལོ་སྟོད་དུ་ས་ཞིང་གི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་དང་འགན་གཙང་བླངས་པར་མི་རེར་ཆ་སྙོམས་བོགས་གླའི་ཡོང་འབབ་ཁེ་གཙང་སྒོར་140ཟིན་ནས་ན་ནིང་ལས་སྒོར་71འཕར་བ་དེ་ན་ནིང་གི་ལྡབ་2ཡིན་པ་རེད། འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་། ལྷ་སའི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་མི་རེར་ལོ་རེར་ཆ་སྙོམས་སྒོར་4550བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་ཁ་ཐོར་དུ་གནས་པ་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་བསྙེན་བཀུར་ཚད་གཞི་མི་རེར་ལོ་རེར་ཆ་སྙོམས་སྒོར་6675བར་མཐོ་རུ་བཏང་ནས་15.5%འཕར་བ་དེ་དུས་མཚུངས་ལས་15.5%དང་12.9%སོ་སོར་འཕར་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།