ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོ་རྒྱལ་ནང་དུ་རྟོག་ཞིབ་གནང་བའི་ཁྲོད་ཐོག་མའི་བསམ་འདུན་རྒྱས་བཤད་གནང་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་གོའི་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ཀྱི་བློ་མཐུན་ལ་བཏོན་གནང་བའི་བླང་བྱ་གསལ་པོ་ཞིག་ཡིན། ལོ་འདི་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ནང་དུ་རྟོག་ཞིབ་གནང་སྐབས་དོན་དེའི་སྐོར་ལ་གསུང་བཤད་གལ་ཆེན་ཐེངས་མང་གནང་བ་དང་། ཏང་ཡོངས་ཀྱི་བློ་མཐུན་ལ་གསོན་ཉམས་དོད་ལ་གཏིང་ཟབ་པའི་ཐོག་མའི་བསམ་འདུན་སྐོར་རྒྱས་བཤད་གནང་ཡོད།

ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་ཡིན་ལ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་གྱི་འགག་རྩའི་ལོ་ཞིག་ཀྱང་ཡིན། སྤྱི་ལོ་༢༠༢༠ལོར་སླེབས་དུས་རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ནི། རང་རེའི་ཏང་གིས་ཀུན་ལ་ཁས་ལེན་བྱས་པའི་བརྗིད་ཉམས་ལྡན་པའི་དམ་བཅའ་ཡིན་ལ། དེ་བས་ཀྱང་དེང་དུས་ཀྲུང་གོའི་གུང་ཁྲན་ཏང་མིའི་འགན་འཁྲི་འཁུར་སེམས་མངོན་པ་ཞིག་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁྲལ་ཆེ་ཤོས་གནང་སའི་དོན་ཆེན་ཞིག་ཡིན་པའི་ངོས་ནས། དབུལ་སྒྲོལ་འགག་གཏོར་བྱ་རྒྱུ་ནི་སྔ་བར་ཕྱི་གསུམ་དུ་ཁོང་གིས་རྒྱལ་ནང་དུ་རྟོག་ཞིབ་གནང་བའི་གཙོ་གནད་ཡིན། ད་ལོའི་སྤྱི་ཟླ་༤པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་གཉིས་ཀྱི་རྗེས་སུ་པེ་ཅིན་ནས་རྡོག་ཐོན་ཐེངས་དང་པོ་གནང་ཞིང་རྟོག་ཞིབ་གནང་བའི་བརྗོད་དོན་གཙོ་བོ་དེ་དབུལ་སྒྲོལ་འགག་གཏོར་ཡིན་པ་རེད། ཁྲུང་ཆིང་གྲོང་ཁྱེར་ཧྲི་ཀྲུའུ་རྫོང་ཀྲུང་དབྱི་ཤང་ཧྭ་ཞི་གྲོང་ཚོའི་གྲོང་མི་མ་ཕེ་ཆིན་ཁྱིམ་གྱི་སྒོ་རའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་མང་ཚོགས་འཐུས་མི་དང་ལྷན་དུ་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་གནང་ཡོད།

ཞི་ཅིན་ཕིང་གིས། ང་རང་འདི་གར་ཆེད་མངགས་ཁྱེད་རྣམ་པ་ཚོར་ལྟ་བར་ཡོང་བ་ཡིན། གནམ་གྲུ་དང་། མེ་འཁོར། རླངས་འཁོར་བཅས་འགྲིམ་འགྲུལ་ཡོ་ཆས་སྣེ་རིགས་གསུམ་བསྡད་ནས་ཁྱེད་ཚོའི་རྩར་སླེབས་པ་མ་ཟད། གནས་འདི་ཁོ་ནར་ལྟ་བར་ཡོང་བ་ཡིན། འོན་ཀྱང་དེའི་དམིགས་ཡུལ་གང་ཞིག་ཡིན་ནམ་ཞེ་ན། ང་རང་ཚོའི་དབུལ་སྐྱོར་ལས་དོན་གང་འདྲ་བྱུང་ཡོད་མེད་ལ་ལྟ་བའི་ཆེད་དུ་ཡིན། འབྱོར་འབྲིང་ལ་སླེབས་ཡོད་མེད་ཀྱི་འགག་རྩ་ཡུལ་མི་སྤུན་ཟླར་ལྟ་དགོས། ཡུལ་མི་སྤུན་ཟླ་ཚོའི་དོན་དག་གང་ཞིག་ལ་བལྟ་དགོས་སམ་ཞེ་ན། གལ་ཆེན་ནང་གི་གལ་ཆེན་ནི་དབུལ་སྐྱོར་ལས་དོན་གང་འདྲ་བྱུང་ཡོད་མེད་དེ་ཡིན། དབུལ་སྐྱོར་ལས་དོན་ནང་ནས་ང་ཚོའི་ཆེས་གཞི་རྩའི་ཚད་གཞི་ནི་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་དེ་ཡིན་ཞེས་གསུངས་ཡོད།

ཁྲུང་ཆིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་གནང་ནས། དབུལ་སྒྲོལ་འགག་གཏོར་ལས་ཀ་ཡག་པོ་བསྒྲུབ་དགོས་པ་དང་། དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་ལས་དོན་ལེགས་གྲུབ་ཡོང་བ་དང་། དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད།

ཞི་ཅིན་ཕིང་གིས། སྤྱི་ལོ་༢༠༢༠ལོར་སླེབས་དུས་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་གྱི་ལྟོ་གོས་གཉིས་ལ་སེམས་ཁྲལ་མེད་པ་དང་། འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་ཡོད་པ་བྱ་རྒྱུ་ནི་དབུལ་ཕོངས་མི་འབོར་དབུལ་སྒྲོལ་ཡོང་བའི་གཞི་རྩའི་བླང་བྱ་དང་ལྟེ་བའི་དམིགས་འབེན་ཡིན་པ་དང་། ཐད་ཀར་འགག་གཏོར་ལས་དོན་གྱི་སྤུས་ཚད་ལ་རག་ལས་པ་ཞིག་ཡིན། སྤྱི་ཡོངས་ནས་བལྟས་ན་ལྟོ་གོས་གཉིས་གཞི་རྩའི་ཆ་ནས་ཐག་གཅོད་བྱུང་བ་དང་། འགན་ལེན་གསུམ་གྱི་ཐད་ད་དུང་ཞན་པའི་ལྷུ་ཚིགས་མང་པོ་གནས་ཡོད། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་ཚད་མཐོའི་མཐོང་ཆེན་དང་། བསམ་བློ་གཅིག་གྱུར། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས། གདིང་གཞི་གསལ་པོ་རྟོགས་པ་དང་། མངོན་གསལ་དོད་པའི་གནད་དོན་ལ་གཅིག་སྡུད་བྱེད་པ། དུས་ཚོད་རེའུ་མིག་དང་། ལམ་ཐིག་ས་བཀྲ་གསལ་པོ་བཟོ་བ། ལས་ཀའི་ཤུགས་ཚད་ཆེ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་བྱ་ཐབས་དང་ཐབས་ཤེས་འདོན་པ་བཅས་བྱས་ནས། དུས་བཀག་ལྟར་ལས་འགན་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།

ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཟིན་པ་བྱེད་པར་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་ཁྱོན་ཡོངས་འབྱོར་འབྲིང་དང་། ལྷག་པར་དུ་གསར་བརྗེའི་རྟེན་གཞི་རྙིང་པའི་ཁུལ་གྱི་དབུལ་ཕོངས་མི་འབོར་གྱི་དབུལ་སྒྲོལ་ཕྱུག་འགྱུར་མེད་ན་དེ་ནི་ཆ་མི་ཚང་བ་ཞིག་རེད། ད་ལོའི་སྤྱི་ཟླ་༥པའི་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་གནང་སྐབས། ཆེད་མངགས་ཀྲུང་དབྱང་དམར་དམག་རྒྱང་སྐྱོད་ཀྱི་གཅིག་སྡུད་དང་རྡོག་ཐོན་བྱེད་ས་ཡིན་པའི་ཀན་ཀྲོའུ་གྲོང་ཁྱེར་ཡུས་ཏུའུ་རྫོང་དུ་ཕེབས་ཡོད། ཁོང་གིས། གསར་བརྗེའི་སྔོན་གཤེགས་དཔའ་བོ་བརྗེད་རྒྱུ་མེད་པ་དང་། ང་ཚོའི་ཡུལ་མི་སྤུན་ཟླ་རྣམས་བརྗེད་རྒྱུ་མེད་ཅེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༠སོང་ཡོད། ང་ཚོས་འདས་པའི་ལོ་རྒྱུས་དུས་ནམ་ཡང་བརྗེད་མི་རུང་ལ། ཆུ་འཐུང་དུས་ཆུ་འགོ་དྲན་དགོས། ང་རང་འདི་གར་ཡོང་དོན་ནི། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མའི་བསམ་འདུན་བརྗེད་མི་རུང་བ་དང་། ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཐོག་མའི་བསམ་འདུན་བརྗེད་མི་རུང་བ། ང་ཚོའི་གསར་བརྗེའི་དམིགས་ཡུལ་དང་གསར་བརྗེའི་ཕུགས་བསམ་བརྗེད་མི་རུང་བ། ང་ཚོའི་གསར་བརྗེའི་སྔོན་བྱོན་པ་དང་གསར་བརྗེའི་སྔོན་གཤེགས་དཔའ་བོ་བརྗེད་མི་རུང་བ། ང་ཚོའི་ཡུལ་མི་སྤུན་ཟླ་ཚོ་བརྗེད་མི་རུང་བ་བཅས་རྒྱལ་ཡོངས་མི་དམངས་ཀྱིས་ཤེས་སུ་འཇུག་ཆེད་ཡིན་ཞེས་གསུངས་ཡོད།

ས་གནས་དེ་གའི་གྲོང་མི་དང་སྤེལ་རེས་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁོང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པར་བསྔགས་བརྗོད་གནང་བ་སྟེ།

ཞི་ཅིན་ཕིང་གིས། གུང་ཁྲན་ཏང་ནི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་མཁན་ཡིན་ཞིང་། ཏང་ཀྲུང་དབྱང་གིས་ད་ལྟ་བློ་སེམས་གཅིག་སྒྲིམ་གྱིས་བསམ་གཞིགས་བྱ་ཡུལ་ནི། ང་ཚོའི་ཞིང་པ་དང་རྒྱ་ཆེའི་མང་ཚོགས་ཚང་མ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་དང་། འཚོ་བ་ཉིན་རེ་བཞིན་ཡར་རྒྱས་ཡོང་ཐབས་བྱེད་པ་དེ་ཡིན་ཞེས་གསུངས་ཡོད།

མང་ཚོགས་རྣམས་ཀྱིས། འཚོ་བ་ཇེ་བཟང་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱི་སྣེ་ཁྲིད་འོག་ང་ཚོ་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱུང་སོང་ཞེས་ཞུས་ཡོད།

ཞི་ཅིན་ཕིང་གིས་སླད་ཕྱིན་གྱི་འཚོ་བ་དེ་བས་ལེགས་སུ་འགྲོ་རྒྱུ་རེད་ཅེས་གསུངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཞི་རུ་རྟོག་ཞིབ་གནང་རྗེས་གཟའ་འཁོར་གཅིག་ལྷག་ཙམ་གྱི་དུས་ཚོད་ནང་༼ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་༽བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་གྲོས་ཚོགས་པེ་ཅིང་དུ་འཚོགས་ཡོད། གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས་ང་ཚོས་བརྗོད་དོན་ཁག་རྣམས་ཚིག་གཅིག་ཏུ་བསྡུས་ཆོག་པ་སྟེ། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་དོན་གཉེར་བྱེད་དགོས་པ་དེ་ཡིན། ཐོག་མའི་བསམ་འདུན་ཁོང་དུ་བརྟན་པོ་ཆུད་པ་དང་། འགན་འཁྲི་ནན་པོ་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱར་དམ་བཟུང་བྱས་ཏེ། ད་ཐེངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོར་ཕན་འབྲས་ཏན་ཏིག་ཐོབ་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་རྒྱུ་ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁ་ཚ་དགོས་གཏུག་གི་དགོས་མཁོ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུག་གི་དགོས་མཁོ་བཅས་རེད་ཅེས་གསུངས་ཡོད།

འདི་ལོའི་སྤྱི་ཟླ་༧པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་ཏུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པའི་བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་རྒྱུར་མཛུབ་ཁྲིད་ཀྱང་གནང་ཡོད། ཁྲེ་ཧྥུང་གྲོང་ཁྱེར་ཁ་ལ་ཆིན་རྫོང་ཧོ་ནན་ཁྲོམ་གཞུང་མ་ཨན་ཧྲན་གྲོང་ཚོའི་གྲོང་མི་ཀྲང་གོ་ལིའི་ཁྱིམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་སྤེལ་རེས་གནང་ཡོད།

ཞི་ཅིན་ཕིང་གིས། འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠འཁོར་བའི་ལོ་རེད། ཁྱེད་ཚོའི་ས་ཆ་འདིར་གྲོང་གསེབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཚུལ་དང་། ལོ་ངོ་༧༠ཡི་འཕོ་འགྱུར་ཆེན་པོར་བལྟ་བར་ཡོང་བ་ཡིན། དེའི་ཐོག་ནས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་ཐོག་བསྐྱོད་པ་དེ་ནི་འགྲིག་པ་ཞིག་ཡིན་པ་གསལ་པོར་མཚོན་ཡོད། མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད་པ་མཐོང་བྱུང་། ཀྲུང་གོ་གུང་ཁྲན་ཏང་ནི་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ཀྱི་བདེ་སྐྱིད་ཆེད་དུ་འབད་འཐབ་བྱེད་མཁན་གྱི་ཏང་ཞིག་ཡིན་ཞེས་གསུངས་ཡོད།

འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་མི་རིགས་གཅིག་ཀྱང་ཉུང་མི་རུང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ཉུང་མི་རུང་། གུང་ཁྲན་ཏང་ནི་ཁ་དན་ཚིག་གནས་བྱེད་མཁན་ཞིག་ཡིན་ལ་ལས་དོན་ཁག་བསྒྲུབ་ཀྱང་ཐུབ་ངེས་ཡིན། འགྱུར་མེད་ཀྱི་མནའ་ཚིག་དང་། མངགས་བཅོལ་ཟབ་མོ་ནི། ཐོག་མའི་བསམ་འདུན་མི་བརྗེད་པའི་ལག་ལེན་ཞིག་ཡིན་ལ། ཡང་སྒོས་སུ་ཀྲུང་གོའི་གུང་ཁྲན་ཏང་མིའི་འགན་སེམས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།