རྒྱལ་སྲིད་སྤྱི་ཁྱབ་ཀང་ཨའོ་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པས་ཤང་ཀང་གི་མིག་སྔའི་དུས་བབ་སྐོར་གྱི་གཟིགས་སྟངས་གླེང་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་གང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་༦ཉིན་གྱི་ཕྱི་དྲོ་གསར་འགྱུར་ཟུར་གསལ་ཚོགས་འདུ་སྐོང་འཚོགས་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཀང་ཨའོ་བྱ་དོན་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པ་གདན་ཞུ་བྱས་ནས་མིག་སྔའི་ཤང་ཀང་གི་དོན་རྐྱེན་སྐོར་གྱི་གཟིགས་སྟངས་ངོ་སྤྲོད་གནང་ཡོད་པ་རེད།

རྒྱལ་སྲིད་སྤྱི་ཁྱབ་ཀང་ཨའོ་གཞུང་ལས་ཁང་གི་གསར་འགྱུར་མགྲིན་ཚབ་པས། ཁུངས་བཙན་པའི་དོན་དངོས་ཐོག་ནས་གསལ་བར། ཟླ་བ་གཉིས་མ་ཟིན་ཙམ་རྒྱུན་མཐུད་བྱས་པའི་ཐལ་སྐྱོད་རྔམ་སྟོན་བྱེད་སྒོའི་ངོ་བོ་ཧ་ཅང་གི་ཚབས་ཆེ་བ་དང་ཤུགས་རྐྱེན་ཧ་ཅང་གི་ངན་པ་བྱུང་ནས་ཤང་ཀང་གི་དར་རྒྱས་བརྟན་ལྷིང་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ནས་ཤང་གང་འདི་ཉིད་ཉེན་ཁའི་གནས་སུ་འཁྲིད་བཞིན་ཡོད་ཅེས་བསྟན་འདུག

མགྲིན་ཚབ་པས། ཤང་ཀང་གི་དུས་བབ་ད་ལྟའི་ཛ་དྲག་གནས་སུ་ལྷུངས་བ་ནི་ཤང་ཀང་གི་གྲོང་མི་ཚང་མའི་མདུན་དུ་འཕྲད་པའི་ཛ་དྲག་ལས་འགན་ནི་ཧ་ཅང་ཁ་གསལ་པོ་ཡིན་པ་སྟེ་རྩུབ་སྤྱོད་བཀག་འགོག་དང་ཟང་ཟིང་འགོག་བཅོས་བྱས་ནས་སྒྲིག་ལམ་སླར་གསོ་བྱ་རྒྱུ་དེ་རེད། ང་རང་ནས་ཁ་གསལ་གཏིང་གསལ་སྒོ་ནས་བརྗོད་རྒྱུར་ཀྲུང་དབྱང་ནས་སྲིད་འཛིན་དཔོན་པོ་ལིན་ཀྲེང་ཡུའོ་ཨོ་ལ་གནང་བའི་རྒྱབ་སྐྱོར་ནི་བློ་བརྟན་འགྱུར་མེད་དང་གཡོ་འགུལ་རྩ་བ་ནས་མེད་པ་ཞིག་རེད། ངོ་རྒོལ་ཤོག་ཁག་གིས་ལིན་ཀྲེང་ཡུའོ་ཨོ་ལ་བཙན་དབང་གིས་ལས་འགན་དགོངས་ཞུ་བྱེད་དགོས་པའི་རེ་སྟོང་བཅངས་པ་ནི་ལམ་ལྷོངས་ཡོང་མི་ཐུབ་པ་ཞིག་རེད། ང་རང་ནས་ཀྱང་སླར་ཡང་ཤང་ཀང་གི་ཉེན་རྟོག་རུ་ཁག་ནས་ཁོ་ཐག་ཆོད་པོས་ཁྲིམས་འཛིན་དང་དོ་ནན་གྱིས་ཁྲིམས་འཛིན་བྱས་པར་སྙིང་དབུས་ནས་གུས་འདུད་ཞུ་རྒྱུ་དང་རྒྱལ་ཡོངས་མི་དམངས་ནི་ཁྱེད་རང་ཚོའི་རྒྱབ་རྩ་བརྟན་པོ་ཞིག་རེད་ཅེས་གསུངས་འདུག

མགྲིན་ཚབ་པས། དྲག་ཤུགས་ཁྲིམས་འགལ་བྱ་སྤྱོད་ལ་ཡ་ང་སྙིང་རྗེ་རྩ་བ་ནས་བྱེད་རྒྱུ་མེད། ཉེས་གསོག་མི་སྣ་ཚང་མས་དུས་བབ་ལ་བརྡར་ཤ་གཅོད་རྒྱུ་མི་ནོར་བ་བྱེད་པ་དང་བཟོད་བསྒོམ་དེ་དཔའ་ཞུམ་པར་བརྩི་མི་རུང་བ། ཤང་ཀང་སྤྱི་ཚོགས་ཀྱིས་ཁྲིམས་སྐྱོང་སྲུང་འཛིན་དང་ལྷིང་འཇགས་སྲུང་སྐྱོབ་བྱེད་པའི་དྲང་བདེན་སྟོབས་ཤུགས་ཆེན་པོར་ཚོད་དཔག་དམའ་པོ་མི་བྱེད་པ་དང་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་དམངས་ཀྱིས་ཤང་ཀང་གི་དར་རྒྱས་བརྟན་ལྷིང་སྲུང་སྐྱོབ་དང་རྒྱལ་ཁབ་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོབ་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་སེམས་ཤུགས་དང་སྟོབས་ཤུགས་ཆེན་པོར་ཚོད་དཔག་དམའ་པོ་བྱེད་རྒྱུ་མེད། མེ་ལ་རྩེད་མོ་རྩེས་པས་ན། མཐའ་མར་རང་ཉིད་འཚིག་པར་འགྱུར་ཞེས་པའི་དཔེ་ལྟར་ཉེས་ཆད་འཁེལ་སར་ཉེས་ཆད་གཏོང་ངེས་རེད། དྲག་ཤུགས་ཉེས་གསོག་བྱེད་སྒོའི་ནང་ཞུགས་མཁན་ཡིན་ཕྱིན་སུ་ཞིག་ཡིན་རུང་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱེད་ངེས་ཡིན་ཞིང་དེའི་ནང་ལྐོག་ཇུས་བཤམས་མཁན་དང་སྒྲིག་འཛུགས་བྱེད་མཁན། བཀོད་འདོམས་བྱེད་མཁན་བཅས་ཀྱི་བཅའ་ཁྲིམས་འགན་འཁྲི་ཚུད་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།