ཀྲུང་གོ་མི་དམངས་དངུལ་ཁང་གིས་ཨ་རིའི་ནོར་སྲིད་པུས་ཀྲུང་གོ་དེ་ཉིད་དངུལ་བརྗེའི་འཛའ་ཐང་ལ་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཁོངས་སུ་བཅུག་པའི་སྐོར་ལ་གསལ་བསྒྲགས་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༦ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་ཨ་རིའི་ནོར་སྲིད་པུས་ཀྲུང་གོ་དེ་ཉིད་དངུལ་བརྗེའི་འཛའ་ཐང་ལ་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཟེར་བའི་ཁོངས་སུ་བཅུག་པའི་སྐོར་ལ་གསལ་བསྒྲགས་སྤེལ་ནས། པེ་ཅིང་དུ་གི་དུས་ཚོད་སྤྱི་ཟླ་8པའི་ཚེས་6ཉིན། ཨ་རིའི་ནོར་སྲིད་པུས་ཀྲུང་གོ་དེ་ཉིད་དངུལ་བརྗེའི་འཛའ་ཐང་་ལ་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཟེར་བའི་ནང་བཅུག་པ་དང་། ཀྲུང་གོས་དེའི་ཐད་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་ཨ་རིའི་ནོར་སྲིད་པུས་རང་ཉིད་ནས་བཟོས་པའི་དངུལ་བརྗེའི་འཛའ་ཐང་་ལ་ཁ་ལོ་སྒྱུར་མཁན་རྒྱལ་ཁབ་ཟེར་བའི་ཚད་གཞི་དང་མཐུན་གྱི་མེད་པ་དང་། རང་ཤེད་ཆེ་བའི་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་བྱ་སྤྱོད་ཞིག་ཡིན་པས། རྒྱལ་སྤྱིའི་སྒྲིག་སྲོལ་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད་པ་དང་། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་དང་དངུལ་རྩར་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད།

སྤྱི་ལོ་2018ལོ་ནས་བཟུང་། ཨ་རིས་ཉོ་ཚོང་རྩོད་གཞི་ཟམ་མི་ཆད་པར་ཤུགས་ཆེར་བཏང་བ་དང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འགྲན་རྩོད་རང་བཞིན་གྱི་མི་དམངས་ཤོག་སྒོར་གྱི་རིན་ཐང་དམའ་རུ་མི་གཏོང་བ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོས་དངུལ་བརྗེའི་འཛའ་ཐང་དེ་ཉིད་ཡོ་ཆས་ལ་བརྩིས་ནས་ཉོ་ཚོང་རྩོད་གཞིར་ཁ་གཏད་བཅོག་པ་སོགས་བྱས་མེད་ལ་བྱེད་མི་སྲིད།

ཨ་རིས་དོན་དངོས་ལ་མི་བལྟོས་པར། ཁུངས་ལུང་མེད་པར་ཀྲུང་གོར་དངུལ་བརྗེའི་འཛའ་ཐང་ལ་ཁ་ལོ་སྒྱུར་མཁན་རྒྱལ་ཟེར་བའི་མིང་རྟགས་པ་དེ་ནི་གཞན་དང་རང་ཉིད་གཉིས་ཀར་གནོད་པའི་བྱ་སྤྱོད་ཞིག་ཡིན་ཞིང་། ཀྲུང་གོས་དེའི་ཐད་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེས་རྒྱལ་སྤྱིའི་དངུལ་རྩའི་སྒྲིག་སྲོལ་ལ་གཏོར་སྐྱོན་ཚབས་ཆེན་བཟོས་པ་མ་ཟད། དངུལ་རྩའི་ཁྲོམ་ར་ཟང་ཟིང་བཟོས་ཡོད་པ་དང་། ད་དུང་རྒྱལ་སྤྱིའི་ཉོ་ཚོང་དང་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་སླར་གསོར་བཀག་འགོག་ཆེན་པོ་བྱས་ཡོད་པས། མཐའ་མཇུག་རང་ཉིད་ལ་མཇུག་འབྲས་ངན་པ་ཐོན་རྒྱུ་རེད། ཨ་རིའི་ཕྱོགས་རྐྱང་པའི་རིང་ལུགས་ཀྱི་བྱ་སྤྱོད་དེས་འཛམ་གླིང་ཧྲིལ་པོའི་དངུལ་བརྗེའི་འཛའ་ཐང་གནད་དོན་སྐོར་གྱི་ཕྱོགས་མང་པོའི་ཐུན་མོང་ངོས་འཛིན་ལ་གཏོར་བཤིག་བཏང་ཡོད་པས། རྒྱལ་སྤྱིའི་དངུལ་ལོར་མ་ལག་བརྟན་པོ་ཡོང་རྒྱུར་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོ་རྒྱུ་ཡིན། ཀྲུང་གོས་ཨ་རིའི་ཕྱོགས་ནས་གཡང་སར་རྟ་ཁ་སྐོར་བ་དང་། ལམ་ནོར་ལྡོག་ཤེས་བྱས་ཏེ། སྟངས་འཛིན་དང་དོན་དངོས་ཀྱི་ཡང་དག་པའི་འཁོར་ལམ་ཐོག་ཕྱིར་ལོག་བྱ་རྒྱུའི་ཁ་ཏ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།