ཀྲུང་གོའི་དམག་ཤུགས་འཐེན་འཕྲིའི་གཞུང་ཚབ་ཆེན་མོ་ལི་སུང་གིས་ཨ་རི་འབྲིང་འཕེན་མེ་ཤུགས་འཕུར་མདེལ་ཆིངས་ཡིག་ལས་དོན་པའི་ཐད་ཀྲུང་གོའི་ལངས་ཕྱོགས་རྒྱས་བཤད་གནང་བ།
སྤེལ་བའི་དུས་ཚོད། : 2019-08-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཀྲུང་གོའི་ དམག་ཤུགས་འཐེན་འཕྲིའི་གཞུང་ཚབ་ཆེན་མོ་ལི་སུང་གིས་སྤྱི་ཚེས་༦ཉིན། དམག་ཤུགས་འཐེན་འཕྲིའི་དབྱེ་འབྱེད་གྲོས་མོལ་ཚོགས་འདུའི་ཐོག ཨ་རི་འབྲིང་འཕེན་མེ་ཤུགས་འཕུར་མདེལ་ཆིངས་ཡིག་ལས་དོན་པའི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ཀྱི་ལངས་ཕྱོགས་འདོད་ཚུལ་རྒྱས་བཤད་གནང་ཡོད།

ལི་སུང་གིས། ཨ་རིའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངོ་རྒོལ་བྱེད་པར་མི་ལྟོས་པར་ཨུ་ཚུགས་ངང་འབྲིང་འཕེན་མེ་ཤུགས་འཕུར་མདེལ་ཆིངས་ཡིག་ལས་དོན་པར་ཀྲུང་གོའི་ཕྱོགས་ནས་བློ་ཕམ་ཆེན་པོ་བྱེད་པ་མ་ཟད་ངོ་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཨ་རིའི་ཕྱོགས་ཀྱིས་སྤྱི་ཟླ་༨པའི་ཚེས་༢ཉིན་དངོས་སུ་ཆིངས་ཡིག་དེ་ལས་དོན་པ་ཁྱབ་བསྒྲགས་བྱས་ཚུན། ཨ་རིའི་རྒྱལ་སྲུང་པུའི་མཐོ་རིམ་དཔོན་རིགས་ཀྱིས་ཡོངས་བསྒྲགས་ངང་། ཨ་རིས་འབྲིང་འཕེན་མེ་ཤུགས་འཕུར་མདེལ་ཞིབ་འཇུག་གསར་སྤེལ་དང་བཀོད་སྒྲིག་བྱ་རྒྱུ་སླར་གསོ་བྱ་རྩིས་ཡོད་ཅེས་བསྟན་ཡོད། དེའི་ཐོག་ནས། འབྲིང་འཕེན་མེ་ཤུགས་འཕུར་མདེལ་ཆིངས་ཡིག་ལས་དོན་པ་ནི་ཨ་རི་རང་ཉིད་ཀྱིས་རང་ངོས་ཀྱི་རྒྱལ་སྤྱིའི་ཁས་ལེན་སྣང་མེད་དུ་གཏོང་བ་དང་། ཕྱོགས་རྐྱང་པའི་རིང་ལུགས་ལག་བསྟར་བྱེད་པའི་བྱ་ངན་གཞན་ཞིག་ཡིན། དེའི་དམིགས་ཡུལ་ངོ་མ་ནི་རང་ཉིད་ཀྱི་འཆིང་ཐག་དཀྲོལ་ཏེ་ཕྱོགས་རྐྱང་པའི་དམག་དོན་དང་འཐབ་ཇུས་བཟང་ཆ་རེ་སྙེགས་བྱེད་ཆེད་རེད་ཅེས་བསྟན་ཡོད།

ལི་སུང་གིས། ཨ་རི་དང་ཨུ་རུ་སུའི་བར་གྱི་རྡུལ་ཉིང་དམག་ཤུགས་འཐེན་འཕྲིའི་ཆིངས་ཡིག་ལག་བསྟར་བྱེད་པའི་ཐད་ཀྱི་འགལ་ཟླ་དེ། སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་ཐག་གཅོད་བྱེད་པ་ལས་ཆིངས་ཡིག་ནས་ཕྱིར་འཐེན་བྱེད་པ་དང་ཆིངས་ཡིག་མི་དགོས་པ་བཟོ་བ་བརྒྱུད་ཐག་གཅོད་བྱ་རྒྱུ་མེད་ལ་དེ་ལྟར་ཡོང་ཡང་མི་ཐུབ་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།