ད་ལོའི་ཚུན་དུ་ལྷ་སར་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་མགྱོགས་པོ་བྱུང་བའི་རྣམ་པ་བཟང་པོ་མངོན།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཚུན་དུ་ལྷ་ས་གྲོང་ཁྱེར་དུ་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་མགྱོགས་པོ་བྱུང་བའི་རྣམ་པ་ཐོན་བཞིན་ཡོད་པ་དང་། གྲོང་གསེབ་ཀྱི་ཡུལ་མིའི་འཚོ་བའི་སྤུས་ཚད་བརྟན་པོའི་ངང་ལེགས་སུ་ཕྱིན་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཡོད་ཡོང་འབབ་སྒོར ༤༩༧༨ ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༢.༥ འཕར་ཡོད། སྤྱིར་འབོར་ཐོག་ནས་བསྡུར་བ་བྱས་ཚེ་ལྷ་ས་གྲོང་ཁྱེར་གྱི་སྤྱི་འབོར་ལྗོངས་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་དེ་རང་སྐྱོང་ལྗོངས་ཀྱི་ཆ་སྙོམས་སྤྱི་འབོར་འཕར་ཚད་ལས་སྒོར ༩༦༩ ཡིས་མཐོ་བ་དང་། འཕར་ཚད་ཐོག་ནས་བསྡུར་བ་བྱས་ན་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱི་འཕར་ཚད་བརྒྱ་ཆ ༡༢.༥ ཟིན་པ་དེ་ན་ནིང་གི་དུས་མཚུངས་པ་ལས་བརྒྱ་ཆའི་གྲངས ༡.༥ འཕར་སྣོན་བྱུང་བས་ལྗོངས་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་གྱི་ཡོད་ཅིང་ལྗོངས་ཡོངས་ཀྱི་ཨང་གསུམ་པར་སླེབས་པ་རེད། དེའི་ནང་གླ་ཆའི་ཡོང་འབབ་འཕར་སྣོན་ཆེན་པོ་བྱུང་བ་དེ་ན་ནིང་གི་དུས་མཚུངས་པ་ལས་བརྒྱ་ཆའི་གྲངས ༡༥ མཐོ་རུ་ཕྱིན་པ་དང་། རྒྱུ་ནོར་གྱི་ཡོང་འབབ་ཁེ་གཙང་དང་གཉེར་སྐྱོང་གི་ཡོང་བབ་ཁེ་གཙང་། སྤོ་འགྱུར་ལས་ཞུགས་ཀྱི་ཡོང་འབབ་བཅས་འཕར་སྣོན་བྱུང་ཡོད།

ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ལྷ་ས་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་འབབ་འཕར་ཡོང་བ་བྱེད་རྒྱུར་མཐོང་ཆེན་བྱས་ཏེ་སྔ་རྗེས་སུ་འབབ་འཕར་གྱི་སྲིད་ཇུས་ཁག་བཏོན་ཡོད། ད་ལོའི་ལོ་སྟོད་དུ་ལྷ་ས་གྲོང་ཁྱེར་གྱིས་ངལ་ནུས་མི་ཐེངས ༣༠༠༠ ལྷག་ཙམ་ལ་རྩལ་ནུས་སྦྱོང་བརྡར་སྤྲད་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༦༡ འཕར་བ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ཁག་སོ་སོར་མི་ཐེངས ༢༣༠༠༠ ལྷག་ཙམ་དང་མི་ཐེངས ༥༠༠༠༠ ལྷག་ཙམ་སྤོ་འགྱུར་ལས་ཞུགས་ཐུབ་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༥ དང་བརྒྱ་ཆ ༣ འཕར་ཡོད། ད་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་གི་ལོའི་ཚད་གཞི་མི་རེར་ཆ་སྙོམས་སྒོར ༤༥༥༠ བར་མཐོ་རུ་བཏང་པ་དང་། གྲོང་གསེབ་ཀྱི་ཁ་ཐོར་དམིགས་བསལ་དཀའ་ངལ་ཡོད་པའི་འཚོ་སྐྱོང་མི་སྣའི་ལོའི་འཚོ་སྐྱོང་ཚད་གཞི་མི་རེར་སྒོར ༦༦༧༥ བར་མཐོ་རུ་བཏང་པས་དུས་མཚུངས་པ་ལས་བརྒྱ་ཆ ༡༥.༥ འཕར་བ་རེད།།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།