ཨ་རིའི་འབྲེལ་ཡོད་ཕྱོགས་ནས་ཀྲུང་གོར་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་དོན་དངོས་བྱ་སྤྱོད་མི་འདུག་ཅེས་པའི་ཉེས་མེད་སྐྱོན་འཛུགས་བྱས་པའི་ཐད་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ལན་སློག་པ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཉེ་ཆར་ཨ་རིའི་ཕྱོགས་ནས་ཀྲུང་གོར་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་པའི་དོན་དངོས་བྱ་སྤྱོད་མི་འདུག་ཅེས་པའི་ཉེས་མེད་སྐྱོན་འཛུགས་བྱས་པའི་ཐད་རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་གནང་སྐབས། ཀྲུང་གོའི་ཁེ་ལས་ཀྱིས་ཨ་རི་ནས་སྲན་ཆེན་སོགས་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱས་ཡོད། འོན་ཀྱང་ཐོན་རྫས་ཁག་གཅིག་ཚོང་འགྲིག་མེད། རྒྱུ་མཚན་གཙོ་བོ་ནི་ཐོན་རྫས་དེ་དག་གི་རིན་གོང་ཐད་འགྲན་རྩོད་ནུས་པ་མེད་པས་རེད་ཅེས་གསུངས་ཡོད།

ཨ་རིའི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཐད་རང་རྒྱལ་གྱིས་དེའི་གོང་དུ་གྲོས་ཆོད་བཞག་དོན་ལྟར་ཨ་རི་ནས་སྲན་ཆེན་ནང་འདྲེན་བྱེད་རྒྱུ་མུ་མཐུད་དོན་འཁྱོལ་བྱེད་བཞིན་ཡོད། ཏ་པན་མཇལ་མོལ་གནང་བ་ནས་སྤྱི་ཟླ་7པའི་ཟླ་མཇུག་བར་ཨ་རིའི་སྲན་ཆེན་ཏུན་ཁྲི་227གྲུ་གཟིངས་ནང་བླུགས་ནས་ཀྲུང་གོར་འབོར་འདྲེན་བྱས་ཡོད་ཅིང་། སྤྱི་ཟླ་༨པའི་ནང་ད་དུང་སྲན་ཆེན་ཏུན་ཁྲི་200གྲུ་གཟིངས་ནང་བླུགས་ནས་ཀྲུང་གོར་འབོར་འདྲེན་བྱ་རྒྱུ་ཡིན་པས། ཕྱོགས་གཉིས་པོའི་ཁེ་ལས་བར་གྲོས་ཆོད་བཞག་པའི་སྲན་ཆེན་ཏུན་ཁྲི་1400ནང་ནས་ཁྲི་ཏུན་ཁྲི་30ལས་ལྷག་མེད་པ་དེ་སྤྱི་ཟླ་9པའི་ནང་གྲུ་གཟིངས་ནང་བླུགས་ནས་དབོར་འདྲེན་བྱ་རྒྱུ་ཡིན་པ་རེད།

སྤྱི་ཟླ་7པའི་ཚེས་19ཉིན་ནས་བཟུང་། ཀྲུང་གོའི་ཕྱོགས་ཀྱི་འབྲེལ་ཡོད་ཁེ་ལས་ཀྱིས་རྒྱུན་མཐུད་དུ་ཨ་རི་ནས་སྲན་ཆེན་དང་། ཁྲེ་རྒོད། གྲོ། ཨ་ཤོམ། ཁྲུན་ཁ་པ་སོགས་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱ་རྒྱུའི་ཐད་གོང་ཚད་འདྲི་རྩད་བྱས་ཡོད། སྤྱི་ཟླ་8པའི་ཚེས་2ཉིན་གྱི་དགོང་མོའི་བར་སླེབས་དུས། སྲན་ཆེན་ཏུན་ཁྲི་13དང་། ཁྲེ་རྒོད་ཏུན་ཁྲི་12 རྩྭ་སྐམ་པོ་ཏུན་ཁྲི་7.5 གྲོ་ཏུན་ཁྲི་6 ཕག་ཤ་དང་དེ་བཞིན་ཕག་ཤའི་བཟོས་རྫས་ཏུན་ཁྲི་4 སྲིང་བལ་ཏུན་ཁྲི་2.5 འོ་བཟོས་ཐོན་རྫས་ཏུན་ཁྲི་0.57 ལས་སྣོན་ཤིང་འབྲས་ཏུན་ཁྲི་0.45 ཤིང་ཏོག་སོས་པ་ཏུན་ཁྲི་0.04བཅས་ཉོ་སྒྲུབ་བྱ་རྒྱུའི་ཚོང་འགྲིག་ཡོད། ཚོང་འགྲིག་པའི་ཞིང་ལས་ཐོན་རྫས་དེ་དག་ཚང་མར་ཀྲུང་གོའི་ཕྱོགས་ཀྱི་ཁེ་ལས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་སྒོ་ཁྲལ་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་ལ་ནང་འདྲེན་དཔྱ་ཁྲལ་འཕར་བསྡུ་མི་བྱེད་པའི་རེ་ཞུ་བྱས་ཡོད། རྒྱལ་ཁབ་འཕེལ་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི། དྲུང་ཡིག་ཆེན་མོ་ཚུང་ལེའང་གིས། ཀྲུང་ཨ་ཕྱོགས་གཉིས་པོར་ཞིང་ལས་ཐོན་རྫས་ཁྱབ་ཁོངས་ནང་ཕན་ཚུན་ཁ་གསབ་རང་བཞིན་ཆེན་པོ་གནས་ཡོད་པས། ཕྱོགས་གཉིས་པོའི་བར་ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་བྱེད་པ་ནི་ཕྱོགས་གཉིས་པོའི་ཐུན་མོང་ཁེ་ཕན་དང་མཐུན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ཐུང་ཐེ་རོན་ཕུ་རྣམ་གཉིས་ཀྱིས་ཏ་པན་དུ་མཇལ་མོལ་གནང་རྗེས། ཀྲུང་གོའི་ཕྱོགས་ནས་ཨ་རིའི་ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱ་རྒྱུའི་ཐད་མཉམ་ལས་ཀྱི་ལྷག་བསམ་ཆེན་པོ་མངོན་པར་བྱས་ཡོད་ལ་གྲུབ་འབྲས་ཀྱང་མི་ཉུང་བ་ཐོབ་ཡོད་ཅེས་གསུངས་ཡོད།

ཚུང་ལེའང་གིས། ཁྲུན་ཁ་པ་དང་། ཨ་ཤོམ། སྲན་ཆེན་སྣུམ། རྒུན་འབྲུམ་ཨ་རག སྦི་རག་སོགས་ཞིང་ལས་ཐོན་རྫས་གནས་སྐབས་ཤིག་རིང་ཚོང་འགྲིག་མེད། དེ་ཡང་རྒྱུ་རྐྱེན་གཙོ་བོ་ནི་ཨ་རིའི་ཐོན་རྫས་དེ་དག་ལ་རིན་གོང་གི་འགྲན་རྩོད་ནུས་པ་མེད་པས་རེད། ཁྲུན་ཁ་པ་ལྟ་བུར་དཔེ་མཚོན་ན། ན་ནིང་སྤྱི་ཟླ་3པ་དང་7པའི་ནང་། ཁག་སོ་སོར་ཨ་རིས་རང་རྒྱལ་ལ་232དང་301བརྟག་དཔྱད་བྱས་རྗེས་དཔྱ་ཁྲལ་འཕར་བསྡུ་བྱས་པར་རྒོལ་ལན་སློག་ཆེད་ཀྲུང་གོའི་ཕྱོགས་ནས་ཨ་རི་ནས་ནང་འདྲེན་བྱས་པའི་ཁྲུན་ཁ་པར་དཔྱ་ཁྲལ་སྤོར་བསྡུ་ཐེངས་གཉིས་བྱས་ནས། ཁག་སོ་སོར་དཔྱ་ཁྲལ་15﹪དང་25﹪འཕར་བསྡུ་བྱས་ཡོད་ཅིང་། མིག་སྔར་ཁྲལ་ཚད་70﹪ཟིན་ཡོད། ཨ་རིའི་ཕྱིར་གཏོང་ཚོང་པས་གོང་ཚད་རྒྱག་པ་ལྟར་301བརྟག་དཔྱད་བྱས་རྗེས་རྒོལ་ལན་དཔྱ་ཁྲལ་སྤོར་བསྡུ་བྱས་པའི་དཔྱ་ཁྲལ་25﹪ཕུད་རྗེས། ནང་འདྲེན་གྱི་ཁྲལ་འཇལ་ཟིན་པའི་མ་གནས་སྔར་བཞིན་རྒྱལ་ནང་ཁྲོམ་རའི་རིན་གོང་ལས་ད་དུང་30﹪མཐོ་བ་ཡོད་པས། ཚོང་ལས་ཀྱི་བཀོལ་སྤྱོད་རང་བཞིན་མེད་པ་རེད་ཅེས་ངོ་སྤྲོད་གནང་ཡོད།

ཚུང་ལེའང་གིས། ཞིང་ལས་ཐོན་རྫས་འགའ་ཤས་རྩ་བ་ནས་ནང་འདྲེན་བྱེད་ཐབས་མེད་པ་ནི་རྩ་བའི་ཐོག་ནས་བརྗོད་ན་ཨ་རིའི་སྒོ་ཁྲལ་དང་ཉོ་ཚོང་འཐབ་རྩོད་བསླངས་པ་ལས་བྱུང་བ་ཞིག་རེད། ཉོ་ཚོང་འཐབ་རྩོད་བྱས་ན་རང་གཞན་གཉིས་ཀར་གནོད་པ་ཞིག་ཡིན་ཞིང་། གོང་གསལ་ཞིང་ལས་ཐོན་རྫས་དེ་དག་གི་རིན་གོང་ཐད་ཀྲུང་གོའི་ཁྲོམ་རར་འགྲན་རྩོད་ནུས་པ་མེད་པར་གྱུར་བ་ནི་དཔེ་མཚོན་གསལ་པོ་ཞིག་རེད། ཨ་རིའི་འབྲེལ་ཡོད་ཕྱོགས་ནས་ཁ་དན་ཚིག་གནས་ཀྱི་རྩ་བའི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཁ་དན་ཚིག་གནས་ཀྱི་བྱ་བ་མང་ཙམ་བསྒྲུབ་པ། གཞན་གནོད་རང་ཕུང་གི་བྱ་སྤྱོད་དང་ཉེས་མེད་སྐྱོན་འཛུགས་ཉུང་ཙམ་བྱས་ནས། ཀྲུང་ཨ་ཕྱོགས་གཉིས་པོའི་ཞིང་ལས་ཐོན་རྫས་ཉོ་ཚོང་ལ་འགོག་རྐྱེན་སེལ་བ་དང་ཆ་རྐྱེན་བསྐྲུན་དགོས་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།