ལིན་ཀྲེང་གཡོས་ཨེས་གཏུམ་སྤྱོད་རིམ་འཕར་སོང་བ་དེས་ཤང་ཀང་ཉིད་ཉེན་ཁའི་གནས་སུ་སྐྱེལ་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-08-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་ལྔ་ཉིན། ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་གཡོས་ཨེས་གསར་འགོད་པའི་ཚོགས་འདུའི་ཐོག ཉེ་དུས་ཤང་ཀང་དུ་ཐོན་པའི་ཐལ་སྐྱོད་གཏུམ་སྤྱོད་བྱ་སྤྱོད་དེ་དག་གིས་ཤང་ཀང་ཉིད་ཧ་ཅང་ཉེན་ཁ་ཆེ་བའི་གནས་སུ་ལྷུང་བ་བྱས་ཡོད་ཅེས་གསུངས་ཡོད། གཞན་ད་དུང་ཁོང་གིས་ཕྱོགས་ཁག་གིས་སེམས་རྣལ་ལ་ཕབ་ནས་ཤང་ཀང་བ་ས་ཡ་བདུན་གྱི་གཏན་འཇགས་ཀྱི་འཚོ་བ་དང་མ་འོངས་གན་ལ་འཇོག་མིན་ཐད་རྣོ་བསམ་རེ་གཏོང་རྒྱུའི་འབོད་སྐུལ་ཞུས་ཡོད།

ལིན་ཀྲེང་གཡོས་ཨེས། གཏུམ་སྤྱོད་པ་ཁག་ཅིག་གིས་ལྟ་ཚུལ་མི་གཅིག་པའི་གྲོང་མིར་འཇིག་སྣང་སྐུལ་བ་དང་དྲ་ཐོག་ནས་བརྙས་བཅོས་ཤོད་ཀྱི་ཡོད། དཔེར་ན། སོ་ཕག་གཡུག་པ་དང་། མེ་རྒྱག་པ། རླངས་སྣུམ་འབར་མདེལ་གཡུག་པ། བར་གས་དོན་རྐྱེན་བཟོ་བ་སོགས་ཀྱི་བྱེད་ཀྱི་ཡོད་ལ། ཁོང་ཚོས་ཕར་རྒོལ་རང་བཞིན་གྱི་མཚོན་ཆ་མང་པོ་ལྐོག་ཉར་བྱས་ཡོད། ཁུལ་ཁག་གི་ཉེན་རྟོག་ཧྲུའུ་ཡི་མཐའ་སྐོར་ནས་ཕར་རྒོལ་བྱེད་པ་དང་། རང་སྣང་གང་ཤར་ངང་སྤྱི་དངོས་ལ་གཏོར་བཤིག་གཏོང་བ་སོགས་ནི་ཧ་ཅང་ཚབས་ཆེ་བའི་ཉེས་གསོག་བྱ་སྤྱོད་ཤ་སྟག་རེད། ཐ་ན་ཐལ་སྐྱོད་པ་ཁག་ཅིག་གིས་རྒྱལ་རྟགས་དང་རྒྱལ་དར་ལ་གཏོར་བཤིག་གཏོང་གི་ཡོད། དེ་དག་ཚང་མ་ནི་རྒྱལ་ཁབ་ཀྱི་བདག་དབང་ལ་བཙན་གནོད་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལ་བཙན་གནོད་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཡིན་པས་དེ་རིགས་ཀྱིས་ཤང་ཀང་གི་བརྟན་ལྷིང་དང་དར་རྒྱས་མེད་པ་བཟོ་སྲིད་ཅེས་གསུངས་ཡོད།

མཉམ་དུ་གསར་འགོད་པའི་ཚོགས་འདུར་ཞུགས་མཁན་ཤང་ཀང་དམིགས་གསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ནོར་སྲིད་སིའི་སི་ཀྲང་ཁྲེན་མའོ་ཕོ་ཡིས། ཉེ་དུས་ཐོན་པའི་དོན་རྐྱེན་དབང་གིས་ཤང་ཀང་དཔལ་འབྱོར་ལ་འགྲན་རྩོད་ཆེན་པོ་འཕྲད་ཡོད་ལ་ཆག་འགྲོ་བའི་སྣོན་ཤུགས་ཀྱང་ཆེན་པོ་འཕྲད་ཡོད། ཤང་ཀང་གི་དུས་ཚིགས་གཉིས་པའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ལོའི་འཕར་ཚད་དང་བསྡུར་ན་བརྒྱ་ཆ་ཀླད་ཀོར་དང་གྲངས་ཆུང་དྲུག་ལས་ཟིན་མེད་ཅེས་གསུངས་ཡོད།
གཞན་ཡང་། སྤྱི་ཚེས་ལྔ་ཉིན་ཕྱི་དྲོ། ཤང་ཀང་ཉེན་རྟོག་པས་གསར་འགྱུར་ཡོངས་གྲགས་ཚོགས་འདུ་འཚོགས་ནས་རང་སྣང་གང་ཤར་ངང་སྤྱི་ཚོགས་ཀྱི་དུས་བདེ་ཞི་འཇགས་ལ་གཏོར་བཤིག་གཏོང་བ་དང་དྲག་ཤུགས་ལ་བརྟེན་ནས་ཉེན་རྟོག་པར་རྡུང་རྡེག་གཏོང་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་དམིགས་ཏེ་སྤྱི་ཟླ་དྲུག་པའི་ཚེས་དགུ་ནས་སྤྱི་ཟླ་བརྒྱད་པའི་ཚེས་ལྔའི་ཞོགས་པའི་བར། ཉེན་རྟོག་ཕྱོགས་ནས་མི་སྣ་བཞི་བརྒྱ་ཉི་ཤུ་འཛིན་བཟུང་བྱས་པ་དང་། མི་སྣ་དེ་ཚོའི་ལོ་ཚད་ནི་ལོ་བཅུ་བཞི་ནས་བདུན་ཅུ་དོན་དྲུག་བར་ཡོད། དེ་དག་ཚང་མ་ཁྲིམས་འགལ་ངང་བསྡུ་འཛོམས་བྱས་པ་དང་། ཉེན་རྟོག་པར་འཇབ་རྒོལ་བྱས་པ། དྲག་པོའི་གྱེན་ལངས་ཀྱི་ཉེས་པ་སོགས་དང་འབྲེལ་བ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།