ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གིས་ཐལ་སྐྱོད་པས་རྒྱལ་དར་ལ་དམའ་འབེབས་གཏོང་བའི་བྱ་སྤྱོད་ལ་ཁ་རྡུང་དྲག་པོ་བཏང་བ།
སྤེལ་བའི་དུས་ཚོད། : 2019-08-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་4ཉིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་བཅའ་སྡོད་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་འགན་འཁུར་བས་གསལ་བསྒྲགས་སྤེལ་ནས། ཤང་ཀང་གི་ཐལ་སྐྱོད་པས་རྒྱལ་དར་ལ་དམའ་འབེབས་གཏོང་བ་དང་། རྒྱལ་ཁབ་ཀྱི་བདག་དབང་ལ་འགྲན་རྩོད་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཐད་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

འགན་འཁུར་བ་དེས། སྤྱི་ཟླ་8པའི་ཚེས་3ཉིན་གྱི་ཕྱི་དྲོ། ཤང་ཀང་དུ་སྨྱོ་ཧམ་ཆེ་བའི་ཐལ་སྐྱོད་པས་ཅན་ཧྲ་ཙུའེ་དུ་ཐོག་ཁང་ཆེན་མོ་ཞིག་གི་མདུན་དུ་བཀལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཀོག་པ་མ་ཟད་རྒྱ་མཚོའི་ནང་གཡུགས་ཡོད་པ་དང་། དེ་ནི་སྤྱི་ཟླ་7པའི་ཚེས་21ཉིན་ཐལ་སྐྱོད་རྔམ་སྟོན་པས་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུག་གཞུང་ལས་ཁང་མཐའ་སྐོར་བ་དང་། རྒྱལ་རྟགས་བཙོག་པ་བཟོས་རྗེས་སླར་ཡང་རྒྱལ་ཁབ་ཀྱི་ལ་རྒྱར་འཛེམ་བག་མེད་པར་བརྩན་གནོད་བྱས་པ་ཞིག་ཡིན་ཞེས་བསྟན་ཡོད་པ་དང་། འགན་འཁུར་བ་དེས། རྒྱལ་ཁབ་ཀྱི་བདག་དབང་དང་ལ་རྒྱར་འགྲན་རྩོད་བྱེད་མི་རུང་བ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་གྱི་མ་མཐའི་ཚད་གཞི་ལས་འགལ་མི་རུང་། རྒྱ་ཆེའི་ཤང་ཀང་གི་སྤུན་ཟླ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་རྒྱལ་གཅེས་བརྩེ་བར་གང་བྱུང་དུ་གནོད་འཚེ་བཟོ་མི་རུང་། ཁྲིམས་མེད་ལུང་མེད་ཀྱི་བྱ་སྤྱོད་ངན་པ་དེ་རིགས་ལ་ངེས་པར་དུ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་ཞེས་ནན་བཤད་གནང་ཡོད་པ་དང་།

འགན་འཁུར་བ་དེས། དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཤང་ཀང་ཉེན་རྟོག་ཕྱོགས་ནས་ཁྲིམས་འཛིན་ནན་པོ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་། གཏུམ་སྤྱོད་ཉེས་བསགས་པར་ཁྲིམས་ལྟར་ཆད་པ་བཅད་ནས། ཤང་ཀང་གི་ཁྲིམས་སྐྱོང་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྐྱར་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།