རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཤང་ཀང་གི་ཐལ་སྐྱོད་པས་རྒྱལ་དར་ལ་དམའ་འབེབ་བཏང་བའི་བྱ་སྤྱོད་ལ་ཁ་རྡུང་དྲག་པོ་བཏང་བ།
སྤེལ་བའི་དུས་ཚོད། : 2019-08-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་4ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་ཤང་ཀང་དང་ཨའོ་མན་བྱ་དོན་གཞུང་ལས་ཁང་གི་མགྲིན་ཚབ་པས་ཤང་ཀང་དུ་སྤྱི་ཟླ་8པའི་ཚེས་3ཉིན་གྱི་དགོང་མོ་ཐལ་སྐྱོད་པ་ཁ་ཤས་ཀྱིས་ཐོག་ཁང་ཆེན་མོ་ཞིག་གི་མདུན་དུ་བཀལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཀོག་པ་མ་ཟད་རྒྱ་མཚོའི་ནང་གཡུགས་པའི་གནད་དོན་ཐད་གཏམ་གླེང་སྤེལ་ནས། འབྲེལ་ཡོད་བྱ་སྤྱོད་ངན་པར་ཁ་རྡུང་དྲག་པོ་བཏང་ཡོད་པ་རེད།

མགྲིན་ཚབ་བ་དེས། སྤྱི་ཟླ་8པའི་ཚེས་3ཉིན་གྱི་དགོང་མོ། གདོང་བཀབ་ནས་གྱོན་ཆས་ནག་པོ་གྱོན་པའི་རྔམ་སྟོན་པ་ཁ་ཤས་ཀྱིས་ཤང་ཀང་གི་ཅན་ཧྲ་ཙུའེ་དུ་ཐོག་ཁང་ཆེན་མོ་ཞིག་གི་མདུན་དུ་བཀལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཀོག་པ་མ་ཟད་རྒྱ་མཚོའི་ནང་གཡུགས་ཡོད། བྱ་སྤྱོད་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྒྱལ་དར་དང་རྒྱལ་རྟགས་སྲོལ་ཡིག་ལས་ཚབས་ཆེན་འགལ་བ་ཞིག་ཡིན་པ་དང་། འཛེམ་བག་མེད་པར་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱར་བརྩན་གནོད་བྱས་པ་ཞིག་ཡིན་ལ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་རྩ་དོན་གྱི་མ་མཐའི་ཚད་གཞིར་གང་སྣང་ངང་རྡོག་རོལ་བཏང་བ་ཞིག་ཡིན་པས། ཤང་ཀང་གི་སྤུན་ཟླ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་བརྩེ་བར་གནོད་འཚེ་ཚབས་ཆེན་བཟོས་ཡོད། ང་ཚོས་དེའི་ཐད་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཉེན་རྟོག་རུ་ཁག་དང་ཁྲིམས་འཛིན་ལས་ཁུངས་ནས་བློ་ཐག་ཆོད་པོས་ཁྲིམས་འཛིན་བྱེད་པ་དང་། ཁྲིམས་འཛིན་ནན་པོ་བྱས་ནས། གང་མགྱོགས་ཁྲིམས་འགལ་ཉེས་བསགས་པ་དེ་དག་ཁྲིམས་ལ་སྦྱར་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་།

མགྲིན་ཚབ་པ་དེས། ཐལ་སྐྱོད་པ་ཆེས་ཉུང་ཤས་ཀྱིས་རྒྱལ་དར་ལ་དམའ་འབེབ་གཏོང་བའི་ཐ་ཤལ་བྱ་སྤྱོད་དེས། ཁོང་ཚོའི་བྱེད་སྟངས་ནི་རང་མོས་ངང་བསམ་འཆར་འདོན་པའི་ཁྱབ་ཁོངས་ནས་ཚབས་ཆེན་གྲོལ་ནས་ཉེས་བསགས་ཀྱི་གཡར་སར་ལྷུང་བ་སླར་ཡང་གསལ་སྟོན་བྱས་ཡོད། དེའི་ཐད་ངེས་པར་དུ་ཁྲིམས་ལྟར་ཁྲིམས་གཅོད་ནན་པོ་བྱེད་པ་ལས། གུ་ཡངས་སུ་གཏན་ནས་གཏོང་མི་རུང་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།