ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་འཚོགས་ནས་ལོ་གཅིག་འཁོར་བ་སྟེ་མཛའ་གྲོགས་ཀྱི་རྣམ་པ་བཟང་བ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་གཅིག་གི་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་ནས་པེ་ཅིན་དུ་སྐོང་འཚོགས་བྱས་པའི་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་ནས། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་ཁྱོན་ཡོངས་མཉམ་ལས་དང་ཐུན་མོང་གོང་འཕེལ། མ་འོངས་པར་ཁ་ཕྱོགས་པ་བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ལོ་རྒྱུས་ཀྱི་གནས་ཚད་གསར་པ་སྣོན་དགོས་པའི་ཁྱབ་སྒྲགས་གནང་ཡོད།

ལོ་གཅིག་གི་རིང་། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་དང་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ཁྱབ་ཁོངས་ཁག་ཚང་མར་གྲུབ་འབྲས་ཐོབ་པ། ས་ཁུལ་མི་དམངས་ལ་ཕན་བདེ་སྐྲུན་ནས། མཉམ་ལས་གཉིས་རྒྱལ་གྱི་ལེའུ་གསར་པ་གཏོད་ཡོད།

སྤྱི་ལོ་2018ལོའི་ཟླ་7ཚེས་19ཉིན། པུའུ་ཀྲང་རིམ་པའི་གྲོས་ཚོགས་མཇུག་འགྲིལ་ནས་ཉིན་ཤས་སོང་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་ཡོད། དེ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་སླར་ཡང་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་རྗེས་ཀྱི་འཚམས་འདྲི་ཞུ་ཡུལ་ཐོག་མ་དང་འཚམས་འདྲིའི་ས་ཚིགས་ཐོག་མ་དེ་ཡིན་པ་རེད།

སྐུ་མགྲོན་འཚམས་འདྲིར་ཕེབས་སྐབས། སྦྱིན་བདག་ནས་ཚད་གཞི་ཧ་ཅང་མཐོ་བའི་སྣེ་ལེན་བཞུས་ནས་གུས་བཀུར་ཞུ་ལུགས་མཚོན་པར་གནང་ཡོད། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ནས་དམག་འཐབ་གནམ་གྲུ་12མངགས་གཏོང་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་གཏོང་གནམ་གྲུར་མཁའ་ཐོག་ཏུ་སྲུང་བྱ་ཞུས་པ་དང་། རྟེན་འབྲེལ་མེ་སྒྱོགས་རྒྱབ་པ། རྟ་དམག་རུ་ཁག་གིས་སྲུང་བྱ་ཞུས་པ། དགའ་བསུ་ཞུ་བའི་ཚོན་ཁྲའི་ཤོག་སྦག་གིས་མཚན་མོའི་མཁའ་དབྱིངས་རྣམ་པར་བཀྲ་ཞིག་བཏོད་པ་བཅས་བྱས་ཡོད།

མིག་སྔར། དབུས་ཤར་དུ་ཞི་བདེའི་འགོག་རྐྱེན་སེལ་བ་དང་། གོང་འཕེལ་ཀྱི་དཀའ་གནད་སེལ་བའི་ཁ་ཚ་དགོས་གཏུག་གི་ལས་འགན་འཕྲད་ཡོད། ཀྲུང་གོའི་དབུས་ཤར་སྲིད་ཇུས་ཀྱིས་སྔ་ཕྱི་བར་གསུམ་དུ་དབུས་ཤར་མི་དམངས་ནས་ཞི་བདེ་བརྩོན་ལེན་དང་གོང་འཕེལ་ཡོང་རེ་བྱེད་པའི་འདུན་པ་དྲག་པོ་དང་བསྟུན་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་ཟམ་མི་ཆད་པར་སྣོན་ཡོད།

ད་ལོའི་ཟླ་བ་ལྔ་པར། ཀྲུང་ཡོན་མཚོ་ཐོག་སྐྱེལ་འདྲེན་གྱི་ཉི་མའི་འཁོར་ལོ་ཞེས་པའི་དོས་སྒམ་གྲུ་གཟིངས་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཧ་ལི་ཧྥ་གྲུ་ཁར་བསྡད་པ་དང་། མིག་སྔར་འཛམ་གླིང་ཐོག་འཁོར་སྐྱོད་བྱེད་པའི་དོས་སྒམ་གྲུ་གཟིངས་ཆེ་ཤོས་ཡིན་པ་མ་ཟད། གྲུ་གཟིངས་ཆེ་གྲས་དེ་རིགས་མཚོ་ཁུག་ས་ཁུལ་དུ་སྡོད་ཐེངས་ཐོག་མ་དེ་ཡིན།

ཧུང་ཧའེ་རྒྱ་མཚོའི་ཆུ་ངོགས་ཀྱི་སོ་ཐེ་ཨ་རབ་ཀྱི་བཟོ་ལས་གྲོང་ཁྱེར་ཆུང་གྲས་ཡན་པུའུ་ནི། ཀྲུང་གོའི་ཀུང་སིས་སྒྲུབ་འགན་འཁུར་ནས་བཙུགས་པའི་འཛམ་གླིང་ཡོངས་སུ་ད་ལྟ་སྐྲུན་བཞིན་པའི་གཞི་ཁྱོན་ཆེ་ཤོས་ཀྱི་འབར་སྣུམ་གློག་ཁང་གི་རྣམ་གྲངས་ཆེ་ཤོས་ཏེ། ཡན་པུའི་དུས་ཐེངས་གསུམ་པའི་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་ཡོད། རྣམ་གྲངས་དེ་འཛུགས་སྐྲུན་ཟིན་རྗེས། དེས་ས་གནས་དེ་གའི་དུད་ཁྱིམ་ཁྲི་སྟོང་མང་པོ་ནས་གློག་བེད་སྤྱོད་གཏོང་ཐུབ་རྒྱུ་མ་ཟད། ད་དུང་མཚོ་ཆུ་ཚ་མེད་དུ་སྒྱུར་བའི་ལས་འགན་འཁུར་བ་དང་འབྲེལ་དབྱིན་སི་ལན་ཆོས་ལུགས་ཀྱི་གནས་མཆོག་མའེ་ཏི་ན་ལ་ཆུ་མཁོ་འདོན་བྱེད་པའི་ལས་འགན་ལྗིད་པོ་འཁུར་རྒྱུ་ཡིན་པ་རེད།

ཨ་རབ་རྒྱལ་ཁབ་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག རྒྱུད་གཅིག་ལམ་གཅིག་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་རྒྱལ་ཐུབ་པའི་བྱ་དོན་མང་དག་ཅིག་ཡོད་པ་སྟེ། ཧུང་ཧའེ་མཚོ་འགྲམ་དུ་ལོ་མང་རིང་འཛུགས་སྐྲུན་བྱས་པ་བརྒྱུད། ཀྲུང་གོ་དང་ཨེ་ཅིབ་ཀྱི་སུའུ་དབྱི་ཧྲེའི་དཔལ་འབྱོར་མཉམ་ལས་ཁུལ་གྱིས་ཁེ་ལས་༨༠ལྷག་ཙམ་དེ་གར་བཅའ་སྡོད་བྱ་རྒྱུར་ཡིད་འགུག་བྱས་ཡོད་པས། སྔོན་ཆད་ཀྱི་ཐང་སྟོང་ཆེན་པོ་དེ་ཉིད་ད་ཆ་ལྗང་མདོག་གླིང་ཁུལ་ཞིག་ཏུ་གྱུར་ཡོད། སྤྱི་ལོ་༢༠༡༨ལོའི་ལོ་མཇུག་གི་གོང་དུ། མཉམ་ལས་ཁུལ་གྱིས་རིམ་རྩིས་བྱས་ན་སྦྱིན་བདག་རྒྱལ་ཁབ་ལ་དཔྱ་ཁྲལ་གོང་འབུལ་ཞུས་པ་ཨ་སྒོར་བྱེ་བ་བདུན་དང་ས་ཡ་དགུ་དང་སུམ་འབུམ་དགུ་ཁྲི་ལས་བརྒལ་ཡོད་པ་དང་། ཐད་ཀར་མི་སྣ་༣༥༠༠ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ། ཐོན་ལས་ཀྱིས་མི་ཁྲི་༣ཙམ་ལས་ཞུགས་སྐུལ་ཁྲིད་ཐུབ་རྒྱུར་སྣེ་ཁྲིད་བྱས་པ། ས་ཁོངས་དེ་རང་ནས་ཡིན་པའི་ལས་མི་བརྒྱ་ཆ་༩༠ཡན་ཟིན་ཡོད། བྱེ་ཐང་གི་ལྗང་ཁུལ་དུ། ཀྲུང་གོའི་ཁེ་ལས་ཀྱིས་བསྐྲུན་འགན་ཁུར་བའི་ཏི་པའེ་ཧ་སི་ཡན་གློག་ཁང་བསྐྲུན་ཟིན་རྗེས། ཏི་པའེ་ཡི་སྤྱིའི་གློག་ཤུགས་མཁོ་ཚད་ཀྱི་བརྒྱ་ཆ་༢༠མཁོ་འདོན་ཐུབ་རྒྱུ་ཡིན་ཞིང་། ཨ་ཧྥེ་རི་ཁའི་བྱང་ཟུར་དུ། ཐུ་ཉི་སིའི་ཀྲུང་ཨའི་བྱང་སྐར་སྤུན་བདུན་ལྟེ་གནས་ཀྱིས་ཀྲུང་ཨའི་ལག་རྩལ་མཉམ་ལས་ཀྱི་ལམ་བུ་གཏོད་བཞིན་ཡོད།

ད་ལོའི་སྤྱི་ཟླ་༥པར། ཨ་ཤི་ཡའི་ཤེས་དཔལ་གླེང་མོལ་ཚོགས་ཆེན་གྱི་ཡན་ལག་ཚོགས་ར་ཨ་རབ་ཤེས་དཔལ་དང་ཀྲུང་ཧྭ་ཤེས་དཔལ་གྱི་གླེང་མོལ་ཞེས་པའི་རིགས་གཞུང་ཚོགས་འདུའི་ཐོག རིགས་གཅིག་མཁས་པ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོའི་ཐོག་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་གནང་བར་གྲོས་བསྡུར་ཚ་ཚ་འུར་འུར་གནང་ཡོད།

ད་ཆ་ཀྲུང་གོ་དང་ཨ་རབ་ཀྱི་གསུང་རབ་ཕན་ཚུན་ཡིག་སྒྱུར་དཔེ་སྐྲུན་ལས་གཞི་དང་དར་གོས་ལམ་བུའི་དེབ་ཚོགས་དཔེ་སྐྲུན་ལས་གཞི་སོགས་དཔེ་དེབ་ཕན་ཚུན་ཡིག་སྒྱུར་ལས་གཞིར་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་དཔེ་སྐྲུན་ཚན་པ་དེ་བས་མང་བས་རིག་གཞུང་བརྩམས་ཆོས་ཕན་ཚུན་ཡིག་སྒྱུར་བྱེད་པའི་ཁྲོད་ཞུགས་བཞིན་ཡོད་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་རིག་གནས་སྤེལ་རེས་བྱེད་པའི་ཁྲོད། ཀྲུང་གོ་དང་ཨ་རབ་མི་དམངས་ཀྱིས་དཔེ་ཀློག་ཁྲོད་ནས་ཕན་ཚུན་བར་གྱི་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད།

ད་ལོའི་སྤྱི་ཟླ་6པར། ཨ་རབ་སྐད་ཡིག་གི་སྒྲ་སྦྱོར་བྱས་པའི་བརྙན་འཕྲིན་འཁྲབ་ཚན་མཛེས་སྡུག་ལྡན་པའི་འཚོ་བ་ཞེས་པ་དེ་ལི་པ་ནོན་དང་ཐུ་ཉི་སེའི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱི་བརྙན་འཕྲིན་ཐོག་གཅིག་རྗེས་གཉིས་མཐུད་ངང་བསྟན་འགོ་ཚུགས་ཡོད་པ་དང་། ས་གནས་དེ་གར་ཀྲུང་གོར་དོ་སྣང་བྱེད་པའི་ཚ་རླབས་འཕྱུར་ཡོད། དེ་མིན་སྒྲ་སྦྱོར་བྱས་པའི་ཨ་རབ་སྐད་ཀྱི་དཔར་མའི་དགའ་རོགས་སྐུ་ཞབས་ཞེས་པ་དང་། ལི་ཞའོ་ལོང་གི་གཏམ་རྒྱུད་ཅེས་པ། དར་གོས་ལམ་བུ་སྟེ། ང་ཚོའི་གཏམ་རྒྱུད་ཞེས་པ་སོགས་གློག་བརྙན་བརྙན་འཕྲིན་ལེ་ཚན་ཡང་ཉེ་དུས་སུ་གཅིག་མཇུག་གཉིས་མཐུད་ངང་ཨ་རབ་རྒྱལ་ཁབ་ཏུ་བསྟན་རྒྱུ་ཡིན་པས། སྤུས་ལེགས་ཀྱི་ཀྲུང་གོའི་གློག་བརྙན་བརྙན་འཕྲིན་བརྩམས་བྱ་དེ་བས་མང་བ་ཨ་རབ་ཀྱི་གཟིགས་མོ་བས་མཐོང་ཐུབ་ནས། ཀྲུང་གོ་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་གསར་པ་ཞིག་ཕྱེ་རྒྱུ་རེད།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མི་ཆོས་རིག་གནས་སྤེལ་རེས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན། ཨ་རབ་རྒྱལ་ཁབ་ཀྱི་རྒྱ་ཡིག་ལ་དགའ་པོ་བྱེད་ཚད་ཀྱང་ཆེ་རུ་འགྲོ་བཞིན་ཡོད་པ་སྟེ། སྤྱི་ལོ་2018ལོའི་ལོ་མཇུག་བར་སླེབས་སྐབས། ཀྲུང་གོས་ཨ་རབ་རྒྱལ་ཁབ་11ལ་ཁུང་ཙེ་སློབ་གླིང་16དང་རང་ཚུགས་ཁུང་ཙེ་སློབ་ཁང་3བཙུགས་ཟིན་ཡོད་པ་དང་། རྒྱ་སྐད་འབྲེལ་ཟམ་ཞེས་པའི་འགྲན་བསྡུར་ཀྱང་ཨ་རབ་རྒྱལ་ཁབ་མང་པོར་གཉེར་ཡོད། ད་ལོའི་སྤྱི་ཟླ་2པར། སོ་ཏི་ཨ་རབ་ཀྱིས་ཀྱང་རྒྱ་ཡིག་སློབ་ཁྲིད་བྱེད་རྒྱུ་དེ་སོ་ཏ་ཨ་རབ་ཀྱི་སློབ་གསོའི་མ་ལག་ནང་བཅུག་ཡོད་པ་རེད།

ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་ཚོགས་ཆེན་དང་། ཤེས་དཔལ་སྐད་ཆ་ཤོད་རེས་ཞིབ་བསྡུར་ཚོགས་འདུ། གསར་འགྱུར་མཉམ་ལས་གླེང་སྟེགས་སོགས་བྱེད་སྒོ་དུས་གཏན་འཁེལ་བ་ལྟར་གཉེར་ཡོད་པ་དང་། ཀྲུང་གོས་ཨེ་ཅེབ་དང་། ཐུ་ཉི་སེ། མོ་ལོ་ཀོ་སོགས་རྒྱལ་ཁབ་དང་ཕན་ཚུན་གློག་བརྙན་འགྲེམ་སྟོན་དང་། སྒྱུ་རྩལ་དུས་ཆེན་གཉེར་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་གློག་རྡུལ་དཔེ་མཛོད་ཁང་གི་མཉམ་ལས་ཀྱང་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བཞིན་ཡོད་པས། ཉིན་རེ་བཞིན་བརྟན་དུ་འགྲོ་བའི་རིག་གནས་ཀྱི་སྦྲེལ་ཐག་དེས་ཀྲུང་གོ་དང་ཨ་རབ་མི་དམངས་ཀྱི་བརྩེ་སེམས་སྔར་བས་ཟབ་ཏུ་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།