ཁྲིམས་འཛིན་པུས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པར་གསལ་འགྲེལ་ཞུས་པ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་འཛུགས་སྐྱོང་སྐུལ་འདེད་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་དཔར་འགྲེམས་བྱས་པ་དང་། ཁྲིམས་འཛིན་པུས་སྤྱི་ཚེས་༡༡ཉིན་ཆེད་མངགས་བསམ་འཆར་ནང་གཏན་འཁེལ་བྱས་པའི་དམིགས་འབེན་དང་གཙོ་གནད་འགན་འཁྲི་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ཐད་གསལ་འགྲེལ་ཞུས་ཡོད།

བསམ་འཆར་ནང་། སྤྱི་ལོ་༢༠༢༠ལོར་སླེབས་སྐབས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྟབས་བདེ་ནུས་མཐོ། འདྲ་མཉམ་ཀུན་ཕན་བཅས་ཀྱི་དེང་རབས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་མ་ལག་རྩ་བའི་ཆ་ནས་གྲུབ་རྒྱུ་ཡིན་པ་བསྟན་ཡོད། གྲོང་ཁྱེར་དང་གྲོང་གསེབ་གྱི་རྩ་བའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ཐོན་ཁུངས་དོ་སྙོམས་ངང་བཀོད་སྒྲིག་བྱ་རྒྱུ་དང་། དར་རྒྱས་མེད་པའི་ས་ཁུལ་གྱི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། དམིགས་བསལ་མི་ཚོགས་ཀྱི་གཞི་རྩའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུའི་ཁེ་དབང་འགན་སྲུབ་ཐུབ་པ་བྱ་རྒྱུའི་བླང་བྱ་བཏོན་ཡོད། ཁྲིམས་འཛིན་པུའི་ཁྲིམས་སྐྱོང་བརྟག་ཞིབ་ཅུད་ཀྱི་ཅུད་ཀྲང་ལི་མིང་ཀྲེང་གིས། ཡོང་འབབ་དམའ་བའི་མི་ཚོགས་དང་། དབང་པོ་སྐྱོན་ཅན། ཞིང་པ་ལས་མི། བགྲེས་སོང་། གཞོན་ནུ་ལོ་ཆུང་། ཨ་མ་ལས་མེད་པའི་དཀའ་ངལ་ཡོད་པའི་བུ་ཕྲུག་སོགས་དམིགས་བསལ་མི་ཚོགས་དང་། དམག་མིའི་ཁྱིམ་མི་དང་། དམག་ཞབས་ཐིམས་པའི་དམག་མི། དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་སོགས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་སྒྲུབ་ཡུལ་གཙོ་བོར་འཛིན་རྒྱུ་དང་། ཁྲིམས་རྩོད་པ་དང་། གཞུང་དཔང་བ། ཁྲིམས་འཛིན་གསལ་འབྱེད་མི་སྣ། གཞི་རིམ་གྱི་ཁྲིམས་ལུགས་ཞབས་ཞུ་སྒྲུབ་མཁན་ལས་དོན་མི་སྣ་བཅས་ཀྱི་སྣེ་ཁྲིད་དེ་སྤྱི་ཕན་རང་བཞིན་གྱི་ཁྲིམས་ལུགས་ཞབས་ཞུའི་ཁྲོད་ཧུར་ཐག་ངང་ཞུགས་རྒྱུ། གཞུང་དཔང་ལས་ཁུངས་དང་། ཁྲིམས་འཛིན་གསལ་འབྱེད་ཚན་པས་ཁྲིམས་ལྟར་འབྲེལ་ཡོད་འགྲོ་གྲོན་ཉུང་གཏོང་བྱ་རྒྱུའི་ལམ་ལུགས་རིམ་བཞིན་འཐུས་སྒོ་ཇེ་ཚང་དུ་གཏོང་བ་སོགས་བྱ་རྒྱུ་རེད་ཅེས་གསུངས་ཡོད།

ཁྲིམས་འཛིན་པུའི་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་དོ་དམ་ཅུད་ཀྱི་སྐོར་ཞིབ་པ་ཅང་ཅིང་གིས། དུས་གང་རུང་དང་། གནས་གང་ས། ཁ་བྲལ་ཐབས་མེད་པ་བཅས་ཀྱི་ཞབས་ཞུ་གཏོད་དགོས། མང་ཚོགས་ཀྱི་ཧོ་ཚད་དང་། ཐོག་མར་གདམ་ཁ་བྱེད་ཚད། འདོད་བློ་འཚིམས་ཚད་བཅས་དཔྱད་དཔོག་མ་ལག་འཛུགས་སྐྱོང་བྱེད་པའི་རྩ་བའི་དམིགས་ཚད་ཡིན། སྤྱི་པའི་ཁྲིམས་ལུགས་ཞབས་ཞུས་མགོ་བོ་བཀྱག་ན་མཐོང་ཐུབ་པ་དང་། ལག་པ་བརྐྱང་ན་རེག་ཐུབ་པ། འཚོལ་བཤེར་བྱས་ན་ཐོབ་ཐུབ་པ་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་སྤྱི་པའི་ཁྲིམས་ལུགས་ཞབས་ཞུ་རང་ཉིད་ཀྱི་འགྲམ་དུ་ཡོད་པ་དང་། སྟབས་བདེ་དང་། མྱུར་པོ། འགོག་རྐྱེན་མེད་པ་བཅས་མྱོང་ཚོར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།