ལི་ཁེ་ཆང་གིས་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་དེ་བཞིན་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། རྒྱལ་ཁབ་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་དེ་བཞིན་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁབ་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་དེ་བཞིན་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཧན་ཀྲེང་ཚོགས་འདུར་ཞུགས་ཡོད་པ་རེད།

ལི་ཁེ་ཆང་གིས། ཉེ་བའི་ལོ་ཤས་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་འགོ་ཁྲིད་འོག ས་གནས་ཁག་དང་ཚན་པ་ཁག་གིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ་དང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་དེ་བཞིན་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་ལ་སྐུལ་འདེད་གཏོང་བའི་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཡང་གཉིས་ཐན་རྫས་འབུད་བཤངས་བྱ་ཚད་རྒྱུན་མཐུད་ཉུང་དུ་ཕྱིན་ཡོད་ཅིང་། གཙོ་བོ་སྦགས་གཙོག་དངོས་པོ་འབུད་བཤངས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། དུས་བབ་གསར་པའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ། ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་བཅས་ཀྱི་སྐོར་ལ་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་བྱེད་པ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྦགས་གཙོག་འགོག་བཅོས་ལས་དོན་ཡག་པོ་བསྒྲུབ་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་པ་མ་ཟད། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་འགྲན་རྩོད་ལ་མུ་མཐུད་ནས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་དང་།

ལི་ཁེ་ཆང་གིས། རང་རྒྱལ་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། དཀའ་སྤྱད་ཚད་མེད་ཐོག་ནས་འབད་བརྩོན་བྱས་ཏེ། སྤྱི་ལོ་༢༠༣༠ལོའི་གཡས་གཡོན་དུ་ཡང་གཉིས་ཐན་རྫས་འབུད་བཤངས་སྤྱི་འབོར་དང་གར་ཚད་ལྡབ་ཀྱིས་ཉུང་དུ་གཏོང་བའི་ཁས་ལེན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ། ཐུན་མོང་ཡིན་ལ་ཁྱད་པར་ཡོད་པའི་འགན་འཁྲི་དང་རྩ་དོན་དང་། དྲང་གཞག་རྩ་དོན་དང་རང་སོའི་ནུས་པར་དམིགས་པའི་རྩ་དོན་བཅས་རྒྱུན་འཁྱོངས་བྱེད་པ། ༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་བའི་སྒྲོམ་གཞིའི་སྤྱི་ཆིངས་༽དང་༼ཕ་རི་སིའི་གྲོས་ཆོད་༽དེ་བཞིན་ལག་བསྟར་བྱེད་པའི་ཞིབ་ཕྲའི་དོན་ཚན་ལ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་དེ་ཉིད་དེ་བས་དྲང་གཞག་ལུགས་མཐུན་དང་། མཉམ་ལས་མཉམ་རྒྱལ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་གནང་ཡོད།

ལི་ཁེ་ཆང་གིས། བཟོ་ལས་དང་། འགྲིམ་འགྲུལ། བཟོ་སྐྲུན་དངོས་པོ་སོགས་ཁྱབ་ཁོངས་གཙོ་བོའི་ནང་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་གི་སྒྱུར་བཀོད་ཐད་གཅིག་སྡུད་བྱེད་པ་དང་། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐོན་ལས་འཕེལ་རྒྱས་གཏོང་བ། ནུས་ཁུངས་གཙང་སེལ་དང་ཐན་ཉུང་ཁྱབ་ཁོངས་ཀྱི་འགག་རྩའི་ལག་རྩལ་འགག་སྒྲོལ་ཇེ་མགྱོགས་སུ་གཏོང་བ། སྦགས་གཙོག་འགོག་བཅོས་ཀྱི་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ། གོང་ཚད་དང་། ཁྲལ་བསྡུ། གནོད་མེད་དངུལ་རྩ་སོགས་འབྲེལ་ཡོད་དཔལ་འབྱོར་སྲིད་ཇུས་འཁོར་སྐྱོད་བྱ་རྒྱུར་དོ་སྣང་བྱེད་པ། ཁྲིམས་སྲོལ་ཚད་གཞི་འཐུས་ཚང་བཟོ་བ། སྟབས་བདེ་ཅན་གྱི་ཐག་གཅོད་དང་རྒྱུག་པ་ལེབ་བརྡུངས་བྱ་རྒྱུ་མེད་པ། ཕྱོགས་ཁག་གི་ནུས་ཁུངས་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་བྱེད་པའི་ནང་ངོས་ཧུར་བརྩོན་རང་བཞིན་སྐུལ་སློང་བྱེད་པ་བཅས་བྱ་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།