ལི་ཀྲན་ཧྲུའུ་ཡིས་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བཞུགས་མོལ་ཚོགས་འདུར་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་སྤྱི་ཟླ་༧ཚེས་༡༠ཉིན་གྱི་ཕྱི་དྲོ་པེ་ཅིན་དུ་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་བཞུགས་མོལ་ཚོགས་འདུར་ཞུགས་ནས་ཁྲིམས་འཛུགས་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད་པ་རེད།
ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་མངོན་པ་དང་དུས་རབས་ཀྱི་རེ་བ་མཚོན་པའི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས་ཞིག་གཏན་ལ་ཕབ་ནས་བཅའ་ཁྲིམས་ཀྱིས་སྐྱེ་དངོས་ལག་རྩལ་གོང་འཕེལ་གྱི་དབྱེ་མཚམས་གཅོད་པ་དང་སྐྱེ་དངོས་ལག་རྩལ་སྐྱོན་བྲལ་སྒོ་ནས་གོང་འཕེལ་འགྲོ་རྒྱུ་འགན་ལེན་དང་དེར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ལི་ཀྲན་ཧྲུའུ་ཡིས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་སེམས་ཁྲལ་འདུ་ཤེས་ཆེ་རུ་གཏོང་བ་དང་བདེ་སྡོད་ཉེན་བསམ་བྱེད་པ་ནི་རང་རེའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་དོན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་༡༨པ་སྐོང་འཚོགས་བྱས་ཚུན་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་དངོས་བདེ་འཇགས་གནད་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གིས་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་ནས་སྐྱེ་དངོས་བདེ་འཇགས་ཁྲིམས་འཛུགས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་བ་དང་གཞི་འཛིན་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་བླང་བྱ་ལག་བསྟར་གཏིང་ཟབ་བྱེད་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་སྤྱི་ཡོངས་ཐོག་ནས་སྐྱེ་དངོས་བདེ་འཇགས་ཁྲིམས་འཛུགས་ཀྱི་དགོས་ངེས་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་མཐོ་པོ་བྱེད་པ། ཁྲིམས་འཛུགས་བྱས་པ་བརྒྱུད་སྐྱེ་དངོས་བདེ་འཇགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་རྩ་དོན་གཏན་ལ་ཕབ་དགོས་པ་དང་ཉེན་ཁར་དོགས་ཟོན་བྱེད་རྒྱུ་མངོན་བསལ་དོད་དུ་གཏོང་བ། བཅའ་ཁྲིམས་ཀྱི་ཚོན་ཆ་དེར་བརྟེན་ནས་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་སྲུང་སྐྱོབ་བྱེད་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་འགན་སྲུང་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

ལི་ཀྲན་ཧྲུའུ་ཡིས། ཉེ་ལམ་ལོ་ཤས་རིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྐྱེ་དངོས་བདེ་འཇགས་ཁྲིམས་འཛུགས་གཏན་ལ་ཕབ་རྒྱུའི་ཐད་གྲོས་གཞི་དང་གྲོས་འགོ་མང་པོ་བཏོན་པ་དང་མི་དམངས་མང་ཚོགས་ཀྱི་རེ་འབོད་དང་རེ་བ་མཚོན་པ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་ལན་ཆ་ནན་ཏན་བྱེད་པ་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་རང་སྒུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་བྱེད་པ། ཁྲིམས་འཛུགས་ལས་དོན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ། ནང་དོན་ཆ་ཚང་བ་དང་གྲུབ་ཆ་འཐུས་ཚང་། གཙོ་གནད་འབུར་ཏུ་ཐོན་ཞིང་རྨང་གཞིའི་རང་བཞིན་དང་མ་ལག་རང་བཞིན། ཕྱོགས་བསྡུས་རང་བཞིན། གཅིག་གྱུར་བཀོད་འདོམས་རང་བཞིན་ལྡན་པ་བཅས་ཀྱི་སྐྱེ་དངོས་བདེ་འཇགས་གཞི་རྩའི་བཅའ་ཁྲིམས་ཞིག་གཏན་ལ་ཕབ་དགོས་ཀྱི་ཡོད། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ལམ་ལུགས་ཞིག་འཛུགས་པར་ཚན་རིག་དང་མཐུན་པ་དང་ལུགས་མཐུན་གྱི་ལམ་ལུགས་བཀོད་སྒྲིག་བྱས་ནས་ཁྱབ་ཁོངས་ཁག་གི་བྱེད་སྒོ་རྣམས་སྐྱོན་བྲལ་མཐུན་སྦྱོར་དང་གོ་རིམ་ལྡན་ལ་འབྲེལ་མཐུད་ཀྱི་ལམ་ལུགས་མ་ལག་ཅིག་འཁོད་སྐྱོད་ཐུབ་པ་བྱེད་དགོས། དོ་ནན་གྱི་བཅའ་ཁྲིམས་འགན་འཁྲི་བརྒྱུད་འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་རང་འགན་རང་འཁུར་དང་འགན་འཁྲི་རྩད་གཅོད་ལམ་ལུགས་ཞིག་གསལ་པོ་བཟོས་ཐོག་དབང་ཆ་དང་འགན་འཁྲི་སྟབས་བསྟུན་གཅིག་གྱུར་བྱས་ནས་བཅའ་ཁྲིམས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།