སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ནས་གྲོས་ཚོགས་སྐོང་འཚོགས་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་བྱས་པ་དང་། ལི་ཀྲན་ཧྲུའུ་ནས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་བ།

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ནས་སྤྱི་ཟླ་༧པའི་ཚེས་༡༠ཉིན་གྲོས་ཚོགས་སྐོང་འཚོགས་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་སློབ་སྦྱོང་ལག་བསྟར་བྱས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་ལི་ཀྲན་ཧྲུའུ་ནས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་ཡོད།

གྲོས་ཚོགས་ཐོག་ཏང་ཀྲུང་དབྱང་ནས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལས་དོན་གྲོས་ཚོགས་སྐོང་འཚོགས་གནང་བར་གལ་ཆེ་བའི་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱེད་རྒྱུའི་གལ་ཆེའི་དོན་སྙིང་གནད་ལ་འཕིགས་པའི་སྒོ་ནས་རྒྱས་བཤད་གནང་བ་དང་། དུས་བབ་གསར་པའི་འོག་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་གི་ལས་འགན་དང་། གཙོ་གནད་ལས་དོན། འགག་རྩའི་བྱ་ཐབས་བཅས་རྒྱས་བཤད་གཏིང་ཟབ་གནང་བ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་ནས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་སྤུས་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུར་འབད་བརྩོན་གྱི་ཁ་ཕྱོགས་བསྟན་པ་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པའི་ངོས་འཛིན་བྱས་ཡོད།

གྲོས་ཚོགས་ཐོག་ལས་ཁུངས་ཀྱི་ཏང་ཙུའུ་ཡི་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྱོང་དང་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་པ་མ་ཟད་བླང་བྱ་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ནས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་ལས་ཁུངས་ཏང་ཙུའུ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་ཡི་འགོ་ཁྲིད་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་རྒྱུ་དང་། ཏང་འཛུགས་སྐྱོང་གི་ལས་དོན་སྙན་སེང་དང་། གལ་ཆེའི་བྱ་དོན། དགོངས་སྐོར་དང་སྙན་སེང་ཞུ་རྒྱུ་སོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་མ་ཟད་འཐུས་ཚང་དུ་བཏང་ནས། ཏང་ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་རྒྱུའི་སྐོར་གྱི་བཀོད་སྒྲིག་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། མཐོང་ཚོར་མེད་པའི་གནས་ཚུལ་གཏན་འགོག་བྱ་རྒྱུ་དེ་ལས་ཁུངས་ཏང་འཛུགས་སྐྱོང་གི་མངོན་གསལ་ཆེ་བའི་གནས་བབ་ཐོག་འཇོག་པ། ལས་ཁུངས་ཏང་འཛུགས་སྐྱོང་གི་ལམ་ལུགས་མ་ལག་འཐུས་ཚང་འཛུགས་པ། ནང་ཁུལ་སྐོར་སྐྱོད་ལྟ་ཞིབ་ཏན་ཏིག་གིས་སྤེལ་བ། རྒྱུན་བསྲིང་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་བྱེད་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་སེམས་ཐག་གཙང་བཅད་ཀྱིས་ཁྱད་གསོད་བྱེད་པ། ཏང་འཛུགས་སྐྱོང་དང་ལས་སྒོ་གཉིས་མཉམ་འདྲེས་གཏིང་ཟབ་དང་། ཕན་ཚུན་སྐུལ་འདེད་ཐེབས་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་བ། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་ལག་བསྟར་བྱས་ནས། གཙང་དག་འགན་འཁུར་དང་། བརྩོན་སྲིད་དང་སྤྱོད་གཙང་གཅིག་གྱུར་བྱེད་པ། ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་བསམ་བློ་སྐུལ་སློང་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་རྒྱུར་སྐུལ་ལྕག་བྱས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་ཀའི་སྤུས་ཚད་དང་ལས་ཆོད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།