ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱི་དུས་རབས་གསར་པའི་ལེའུ་གསར་པ་གཏོད་དགོས།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ན་ནིང་སྤྱི་ཟླ་བདུན་པའི་ཚེས་བཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་གླེང་སྟེགས་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཐོག་ཁྱོན་ཡོངས་མཉམ་ལས་དང་ཐུན་མོང་གོང་འཕེལ། མ་འོངས་པར་ཕྱོགས་པ་བཅས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པའི་ཁྱབ་བསྒྲགས་གནང་ཡོད། འདི་ནི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཡིན། ཀྲུང་གོ་དང་ཨ་རབ་ཀྱི་སྲོལ་རྒྱུན་མཛའ་གྲོགས་མཉམ་ལས་འབྲེལ་བ་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་ཡོད། ལོ་གཅིག་རིང་། ཕྱོགས་གཉིས་མཉམ་ལས་སྤེལ་རེས་དེ་བས་ཟབ་ཏུ་སོང་ཞིང་། ཁྱབ་ཁོངས་ཁག་ལ་གྲུབ་འབྲས་གང་མང་ཐོབ་པ་བྱུང་བས་ཀྲུང་གོ་དང་ཨ་རབ་ཀྱིས་དུས་རབས་གསར་པའི་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་བཞིན་ཡོད་པ་རེད།

ཀྲུང་གོ་དང་ཨ་རབ་ཀྱིས་མཉམ་དུ་ཁེ་གཉེར་བྱེད་པའི་ཧ་ལེ་ཧྥའི་དུས་མཚམས་གཉིས་པའི་དོས་སྒམ་གྲུ་ཁ་ནས་ཀྲུང་གོའི་ཁེ་ལས་ཀྱིས་འགན་བསྐྲུན་བྱས་པ་མ་ཟད་མ་དངུལ་བསྡུ་རུབ་ནང་ཞུགས་པའི་ཨེ་ཅིབ་པེན་པན་འོད་ཧྥུའི་ཐོན་ལས་གླིང་ཁུལ་གྱི་གློག་འདོན་རྣམ་གྲངས་བར་དང་། བྱང་སྐར་སྤུན་བདུན་གྱིས་ཨ་རབ་ལ་སྲུང་སྐར་ཕྱོགས་སྟོན་ཞབས་ཞུ་མཁོ་འདོན་བྱས་པ་ནས་ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་གོས་གཉེར་བའི་ཕྱི་འབྲེལ་བྱེད་སྒོའི་ནང་ཞུགས་ཧུར་ཐག་ཞུགས་པའི་བར་ཀྲུང་གོ་དང་ཨ་རབ་ཀྱི་ཕྱོགས་གཉིས་མཉམ་ལས་དང་མཛའ་གྲོགས་འགྲོ་འོང་ལ་སྔར་བྱུང་མ་མྱོང་བའི་གཞི་ཁྱོན་དང་གཏིང་ཚད་ཐོག་ནས་སྐུལ་འདེད་བཏང་བས་འཚར་སྐྱེས་ཐུབ་པའི་སྡོང་པོ་ཞིག་དང་འདྲ་བར་ལོ་འདབ་གང་སར་རྒྱས་བཞིན་ཡོད་པ་རེད།

མིག་རྒྱང་རིང་ཞིང་། འགོག་ཐབས་བྲལ་བའི་མཐོ་རིམ་འགྲོ་འོང་ལས་ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱི་དུས་རབས་གསར་པར་ལེའུ་གསར་པ་རྩོམ་པའི་ཐད་འཐབ་ཇུས་ཀྱི་སྣེ་ཁྲིད་མཁོ་འདོན་མཛད་ཡོད། དུས་ཡུན་ལོ་ངོ་ལྔའི་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་ཏུ་འཚམས་འདྲི་ཐེངས་མ་གཉིས་གནང་བ་དང་། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་སྒོ་ཀུན་ནས་གོང་འཕེལ་གཏོང་རྒྱུའི་ཐད་སྲིད་ཇུས་ཁྱབ་བསྒྲགས་ཐེངས་མང་གནང་ཡོད། ཨེ་ཅིབ་དང་ཁ་ཐར། ཅི་པུ་ཐེ་སོགས་ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་ཀྲུང་གོར་འཚམས་འདྲི་ཐེངས་མང་གནང་བ་དང་། ཨ་རབ་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་གཉིས་པར་ཞུགས་ཡོད། ཀྲུང་གོ་དང་ཨ་རབ་བར་གྱི་མཐོ་རིམ་འགྲོ་འོང་ཟབ་པོས་ཀྲུང་གོ་དང་ཨ་རབ་བར་གྱི་མཉམ་ལས་སྒོ་ཀུན་ནས་ཟབ་ཏུ་གཏོང་རྒྱུར་རྣམ་པ་གསར་པ་རྒྱུན་ཆད་མེད་པ་གཏོད་ཡོད།

རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱི་དུས་རབས་གསར་པར་ལེའུ་གསར་པ་རྩོམ་རྒྱུའི་ཐད་རྒྱ་ཆེ་བའི་སྟེགས་བུ་མཁོ་འདོན་མཛད་ཡོད། ཀྲུང་གོ་དང་ཨ་རབ་ནི་རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་བྱེད་པའི་རང་བྱུང་ལྷུན་གྲུབ་ཀྱི་མཉམ་ལས་རོགས་ཟླ་ཡིན། མིག་སྔའི་བར་ཨ་རབ་ཀྱི་རྒྱལ་ཁབ་བཅོ་བརྒྱད་ནས་ཀྲུང་གོའི་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་ཉིད་ཀྱང་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་ནང་ཁོངས་སུ་ཐོག་མའི་ནུས་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྱོང་སོགས་རྣམ་གྲངས་ཉུང་ཤས་ནས་མིག་སྔའི་ཟོག་འདྲེན་དང་ཉོ་ཚོང་། དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་གསར་པ་མང་པོའི་བར་རྒྱ་བསྐྱེད་བྱུང་ཡོད།

ད་ལོའི་སྤྱི་ཟླ་གཉིས་པར། ཀྲུང་གོའི་ཁེ་ལས་ནས་འགན་བསྐྲུན་ཁུར་བའི་ཨེ་ཅིབ་རྒྱལ་ས་གསར་པའི་ཀྲུང་དབྱང་ཚོང་དོན་ཁུལ་གྱི་རྣམ་གྲངས་ལས་འགོ་ཚུགས་ཡོད། སྤྱི་ཟླ་ལྔ་པར། ཀྲུང་གོས་འཛུགས་སྐྲུན་བྱེད་རོགས་ཞུས་པའི་ཐུའུ་ཉི་སིའི་ཕྱི་འབྲེལ་གསོ་སྦྱོང་སློབ་གླིང་གི་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་ཐུན་མོང་འབད་འཐབ་འོག རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དང་ཨ་རབ་རྒྱལ་ཁབ་ཀྱི་འཐབ་ཇུས་འཆར་གཞི་སྦྲེལ་མཐུད་ཏན་ཏིག་ཐུབ་ནས་ཕན་ཚུན་བར་ཕན་པ་ཐོབ་བཞིན་ཡོད།

འཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མདུན་བསྐྱོད་བྱས་པའི་མཛའ་གྲོགས་ཟབ་མོ་ཉིད་ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱི་དུས་རབས་གསར་པར་ལེའུ་གསར་པ་རྩོམ་པའི་གལ་ཆེའི་འགན་ལེན་དུ་གྱུར་ཡོད། ཀྲུང་གོ་དང་ཨ་རབ་ཀྱི་མཛའ་གྲོགས་སྔོན་མོའི་ཆུ་ལས་རིང་ཞིང་། ཕྱོགས་གཉིས་པོས་སྔ་ནས་ད་བར་ཕན་ཚུན་ཟུར་སྐྱོར་དང་ཕན་ཚུན་རོགས་རེས་བྱེད་བཞིན་ཡོད། ཀྲུང་གོས་ཨ་རབ་རྒྱལ་ཁབ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཐེངས་མང་བྱེད་མྱོང་ཡོད་པ་དང་། ཀྲུང་གོའི་འཐུས་མིས་བདེ་འཇགས་ལྷན་ཚོགས་ཀྱི་གྲོས་ཚོགས་ཐོག་ཨ་རབ་མི་དམངས་ལ་རྒྱབ་སྐྱོར་ཐེངས་མང་གནང་མྱོང་ཡོད། ཨ་རབ་རྒྱལ་ཁབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཀྲུང་གོའི་ཁྲིམས་མཐུན་གདན་ཐོབ་སླར་གསོ་དང་ཐའེ་ཝན་སོགས་ཀྱི་གནད་དོན་ཐད་ཀྲུང་གོའི་ཕྱོགས་ལ་རྒྱབ་སྐྱོར་ཞུས་ཡོད།

རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཇི་ལྟར་སོང་ཡང་རུང་། དཀའ་ཚེགས་ཇི་ལྟར་འཕྲད་ཀྱང་རུང་། ཀྲུང་གོ་དང་ཨ་རབ་ནི་ཕན་པ་མཉམ་སྤྱོད་ཀྱི་རོགས་ཟླ་བཟང་པོ་དང་དཀའ་བ་མཉམ་ཁུར་གྱི་སྤུན་གྲོགས་བཟང་པོ་ཡིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་མཉམ་དུ་སྐུལ་འདེད་བཏང་བ་དེས་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་འཆར་འགོད་བྱས་ཡོད་ལ། མཉམ་དུ་གོ་སྐབས་དང་འགྲན་རྩོད་ལ་བསུ་མ་དང་ཁ་གཏད་གཅོག་པ་དེ་ནི་ཕྱོགས་གཉིས་པོའི་མཛའ་ཞིང་ཟབ་པའི་འབྲེལ་བ་ལས་བྱུང་བ་ཞིག་ཡིན་པས་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་རྒྱ་ཆེ་གཏིང་ཟབ་ཕྱོགས་སུ་འཕོ་འགྱུར་འགྲོ་བར་ཐེ་ཚོམ་མེད་པ་རེད།

ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་མ་གཞི་རི་ལུང་སྟོང་གིས་ཆོད་རུང་། སྲོལ་རྒྱུན་གྱི་མཉམ་ལས་རྨང་གཞི་ཟབ་མོ་ཡོད་པས་གོང་འཕེལ་ཡར་རྒྱས་དང་ཐ་ན་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཐད་ཐུན་མོང་གི་བརྩོན་ལེན་བྱེད་ས་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་རྡོག་ཐོན་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་ཀྱི་མཉམ་ལས་འབྲེལ་བས་བཀྲག་མདངས་རྣམ་པ་འཚེར་བའི་རླབས་ཆེའི་ལེའུ་གསར་པ་རྩོམ་ངེས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།