ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་བློ་མཐུན་ཀྲོའུ་ཆོན་ཆོན་གྱི་འགྱོད་མེད་ཀྱི་མི་ཚེ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ2019ལོའི་ཟླ་6པའི་ཚེས6ཉིན་གྱི་ཆུ་ཚོད་བཅུ་གཉིས་པར། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྤྱི་ཚོགས་དང་ཁྲིམས་འཕྲིན་ལམ་གྱི་མཚན་མོའི་ཐད་སྦྲེལ་ཞེས་པའི་ལེ་ཚན་གྱི་པར་གཉེར་བ་གཞོན་པ་ཀྲོའུ་ཆོན་ཆོན་གྱིས་ཚོགས་པའི་སྣེ་ཁྲིད་ནས་ཀོང་ཏུང་ཀྲུའུ་ཧའི་ཐན་ཤོན་གླིང་ཕྲན་གྱི་མཚོ་ཐོག་འགོག་སྲུང་འཐབ་ས་དང་པོར་བཅར་འདྲི་ཞུ་སྐབས། བྲག་སྟེང་ནས་ཟགས་པའི་རྡོ་ཞིག་ཁོང་གི་མགོ་བོར་ཕོག་ནས་དྲན་པ་འཐོར་བ་དང་། དེ་རྗེས་ཐབས་བརྒྱ་ཇུས་སྟོང་གིས་མྱུར་སྐྱོབ་ཞུས་ཀྱང་རྨས་སྐྱོན་ཚབས་ཆེ་དྲགས་པའི་རྐྱེན་གྱིས་སྐུ་གཤེགས་པ་རེད།

ལས་ཀར་ཞུགས་ནས་ལོ་23འདས་པའི་ནང་ཀྲོའུ་ཆོན་ཆོན་གྱིས་མཐའ་མཚམས་ས་ཆ་གང་སར་བསྐྱོད་ནས་ངོ་མཚར་མང་པོ་བརྙན་དུ་ཕབ་པ་དང་། དགུང་ལོ་46གི་ཐོག་ཁོང་གི་འཛུམ་མདངས་དེ་ང་ཚོ་དང་གཏན་དུ་གྱེས་ཤིང་། ཁོང་གིས་ཚེ་སྲོག་ལ་བརྟེན་ནས་གསར་འགྱུར་ལས་དོན་པ་ཞིག་གི་བརྗིད་ཆེ་བའི་མི་ཚེའི་ལོ་རྒྱུས་བྲིས་གནང་ཡོད།

སྤྱི་ལོ1973ལོར་ཀྲོའུ་ཆོན་ཆོན་དམག་མིའི་ཁྱིམ་ཚང་ཞིག་ནང་འཁྲུངས་པ་དང་། ཡབ་ཡུམ་གཉིས་ཀ་མཚོ་བོད་ས་མཐོར་བཅའ་སྡོད་བྱས་པའི་དམག་དཔུང་གི་སྨན་པ་རེད། གཅེན་མོ་ཀྲོའུ་ཉིང་ཉིང་གིས། ཁོང་གཉིས་ཀ་དམག་སྒར་ནང་འཚར་ལོངས་བྱུང་བས། དམག་མིར་དགའ་གུས་གྱི་བསམ་པ་ཤུགས་ཆེན་པོ་ཡོད། ཀྲོའུ་ཆོན་ཆོན་ད་ཐེངས་མེས་རྒྱལ་གྱི་མཐའ་སྲུང་གླིང་ཕྲན་དུ་སྐུ་གཤེགས་པ་རེད། ཕལ་ཆེར་ཁོང་གི་མི་ཚེ་འདི་ལྟར་ཡིན་སྲིད་ཅེས་གསུངས་འདུག

མཚན་མོའི་ཐད་སྦྲེལ་ཞེས་པའི་ལེ་ཚན་གྱི་པར་གཉེར་བ་ཚའེ་གཡུས་ཀྱིས། མཚན་མོའི་ཐད་སྦྲེལ་ལེ་ཚན་གྱི་པར་གཉེར་བ་གཞོན་པ་ཡིན་པའི་ཆ་ནས། ཀྲོའུ་ཆོན་ཆོན་གྱིས་ཚོགས་པའི་སྣེ་ཁྲིད་སྐབས་ཚོགས་མི་དང་སྙིང་ཉེ་བ་དང་། ད་དུང་ཚད་ལོན་པའི་ལས་ཀའི་འཇོན་ནུས་ལྡན་ཡོད། ཁོང་གིས་ཁྲག་དྲོན་གྱི་མཐའ་མཚམས་འགག་སྒོ་ཞེས་པ་དེ་པར་ལེན་ལེགས་པར་བྱེད་ཆེད། ཁོང་བྱེ་ཐང་ཆེན་མོ་ནས་ས་མཐོ་དང་། ཤིན་ཅང་གི་བྱང་རྒྱུད་ནས་ཤར་རྒྱ་མཚོ་བར་བསྐྱོད་ཅིང་། ཐོག་མཐའ་བར་གསུམ་དུ་ལས་ཀའི་འཐབ་ས་དང་པོར་བསྐྱོད་ཡོད་ཅེས་གསུངས།

མཚན་མོའི་ཐད་སྦྲེལ་ལེ་ཚན་གྱི་གཙོ་སྐྱོང་པ་ཀྲང་གཡོས་ཀྱིས། ཁྲག་དྲོན་གྱི་མཐའ་མཚམས་འགག་སྒོ་ཞེས་པ་དེ་ནི་པར་ལེན་བྱེད་དུས་དཀའ་ཚེགས་ཆེ་ཤོས་དང་ཉེན་ཁ་ཆེ་ཤོས་ཀྱི་ལེ་ཚན་ཞིག་རེད། ལེ་ཚན་བཟོ་ཐེངས་རེ་རེར་ཀྲོའུ་ཆོན་ཆོན་པར་གཉེར་བ་ཡིན་པའི་ཆ་ནས་ལས་དོན་གྱི་འཐབ་ས་དང་པོར་བསྐྱོད་ཀྱི་ཡོད། པར་ལེན་པ་དཀའ་ལས་ཁག་དུས་ཁོང་རང་ཉིད་ནས་པར་ལེན་བྱེད་པ་དང་། འཁྲབ་ཁྲིད་པ་དཀའ་ཚེགས་ཀྱིས་མནར་སྐབས་ཁོང་རང་ཉིད་ནས་བཅར་འདྲི་ཞུ་བཞིན་ཡོད། སྡེ་ཁག་གི་མི་སུ་ཞིག་གིས་ལས་འགན་འཁུར་མི་ཐུབ་པའི་ཚེ་ཁོང་གིས་དེའི་ཚབ་གནང་ནས་ལས་འགན་འཁུར་གནང་གི་ཡོད་ཅེས་གསུངས།

ལས་ཀར་ཞུགས་ནས་ལོ23སོང་བའི་ནང་། ཀྲོའུ་ཆོན་ཆོན་ལེ་ཚན་སྒྲིག་བཟོའི་འཐབ་ས་དང་པོ་ནས་གཏན་ནས་ཁ་བྲལ་མྱོང་མེད། ཁོང་གིས་དེ་སྔ་བུད་མེད་ཀྱི་ས་ཞིང་ཁེ་དབང་ལ་བཙན་གནོད་ཕོག་པ་དང་། གྲོང་གསེབ་བུད་མེད་རང་ལྕེབས་བྱེད་པའི་གནད་དོན་སོགས་ལ་བརྟག་ཞིབ་བྱེད་པའི་ལེ་ཚན་ལེགས་སྒྲུབ་གནང་བ་དང་། དེ་སྔ་བརྟག་དཔྱད་པར་ལེན་པའི་འགན་བཞེས་ནས་ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དུ་གསེར་གཏེར་རྐུ་སྔོག་དང་དེ་བཞིན་གཅན་གཟན་རི་དྭགས་རྔོན་རྒྱག་བྱེད་པའི་གནས་ཚུལ་དཔར་ལེན་གནང་ནས་གོང་རིམ་ལ་ཕུལ་བ། དམིགས་བསལ་ལེ་ཚན་ཁྲག་དྲོན་གྱི་མཐའ་མཚམས་འགག་སྒོ་ཞེས་པ་དེ་ཕུད། ཁོང་གིས་ད་དུང་གཟའ་འཁོར་རེ་རེར་ཉིན་ལྟར་སྟོན་པ་དང་། སྟོན་ཐེངས་རེར་ཆུ་ཚོད་རེ་ཡོད་པའི་ཐད་གཏོང་གཏམ་གླེང་ལེ་ཚན་མཚན་མོའི་ཐད་སྦྲེལ་ཞེས་པའི་འགན་འཁུར་བ་གནང་བས། ཁོང་ལ་གནོན་ཤུགས་ཆེན་པོ་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་རེད།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཉེ་ཆར་བློ་མཐུན་ཀྲོའུ་ཆོན་ཆོན་ལ་སློབ་སྦྱོང་བྱ་རྒྱུའི་སྐོར་གྱི་གཏན་འབེབ་ཅེས་པ་བཟོས་པ་དང་། ལས་ཁུངས་དེས་བློ་མཐུན་ཀྲོའུ་ཆོན་ཆོན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་པ་དང་། ཚང་མས་ཀྲོའུ་ཆོན་ཆོན་གྱི་ལས་གཅེས་ལས་བཀུར་གྱིས་འཐབ་ས་དང་པོར་འབད་འཐབ་བྱེད་པའི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ནས། ཞབས་རྗེས་ཡངས་པའི་ས་གཞིར་འཇོག་པ་དང་། བརྙན་ཆས་ཀྱིས་སྤྱི་ཚོགས་པར་ལེན་བྱེད་པ། བསམ་གཞིགས་བྱས་ནས་གསར་གཏོད་ཐུབ་པ་བྱེད་པ། འཇོན་ནུས་ལ་བརྟེན་ནས་དུས་རབས་འབྲི་བཀོད་བྱེད་པ་བཅས་བྱ་རྒྱུའི་སྐུལ་མ་བྱས་ཡོད་པ་རེད། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཚོགས་དང་ཁྲིམས་འཕྲིན་ལམ་གྱི་སྤྱི་ཁྱབ་ལྟ་སྐུལ་བའི་ལས་རོགས་ཧྥང་ཁེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་འགྱུར་ལས་དོན་པར་ནུས་ཤུགས་བཞི་ལྡན་དགོས་པར་གསུངས་ཡོད། ཀྲོའུ་ཆོན་ཆོན་ནི་ནུས་ཤུགས་བཞིའི་ཐད་ཀྱི་ལག་བསྟར་བ་ཕུལ་དུ་བྱུང་བ་ཞིག་རེད། བརྙན་འཕྲིན་གྱི་ཐད་ནས་བཤད་ན། ཁོང་དངོས་གནས་དགའ་པོ་ཡོད་པས་བརྙན་འཕྲིན་བྱ་གཞག་ལ་སྤྲོ་བས་རོལ་མཁན་ཞིག་རེད།

ད་ཐེངས་ཀྱི་དོན་དག་དེའི་ཐོག་ནས་མི་མང་པོ་ཞིག་གི་གསར་འགྱུར་ལས་དོན་པའི་དཀའ་ཚེགས་ཤེས་ཐུབ་རྒྱུ་རེད་ཅེས་གསུངས་འདུག

རྐང་པའི་འོག་ཏུ་འདམ་ཇི་ཙམ་གོས་ཡོད་ན། སེམས་ནང་གི་བརྩེ་སེམས་དེ་ཙམ་གྱིས་ཟབ་ཏུ་འགྲོ། ཀྲོའུ་ཆོན་ཆོན་གྱིས་རྐང་པ་གཉིས་ལ་བརྟེན་ནས་ས་གཞིའི་ཚད་འཇལ་བ་དང་། བརྙན་ཆས་སྤྱད་ནས་དུས་རབས་ཐོ་འགོད་བྱེད་པ། ཀླད་པ་དཀྲུག་ནས་བསམ་གཞིགས་གཏིང་ཟབ་བྱེད་ཐུབ་ཡོད། འཐབ་ས་དང་པོར་ལུགས་ཚུགས་པ་དང་སེམས་གནས་ན་གཞི་ནས་གསོན་ཉམས་དོད་ཅིང་བརྩེ་བས་ཕྱུག་པའི་བརྩམས་བྱ་རྩོམ་ཐུབ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་སེམས་ལ་ངེས་ནས། རྐང་ཤུགས་དང་། མིག་ཤུགས། སེམས་ཤུགས། སྨྱུག་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། དུས་རབས་ལ་ངོ་གནོང་མི་དགོས་པའི་ངོ་མཚར་ལོ་རྒྱུས་རྩོམ་རྒྱུར་འབད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག རྒྱལ་པོ།
ཡིག་སྒྱུར། སྤེན་པ་རྒྱ་མཚོ།