ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་༡༠ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། ཕྱི་ཕྱོགས་ཉོ་ཚོང་སྔར་བས་བརྟན་པ་ཡོང་བ་བྱེད་པ་དང་། སྒོ་དབྱེ་རྒྱ་སྐྱེད་བྱས་ནས་འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ་ཐུབ་རྒྱུར་རམ་འདེགས་བྱ་རྒྱུའི་གཏན་འཁེལ་བྱས་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་གྲོན་ཚད་དམའ་རུ་གཏོང་རྒྱུའི་ལས་དོན་ཏན་ཏིག་སྒྲུབ་རྒྱུ་དང་། ཁྱོན་ཡོངས་ནས་གཞུང་ཁོངས་མ་རྩ་ཁ་ཤས་ཀྱིས་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་གཏན་འཁེལ་བྱས་པ། ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་ཡོང་རྩིས་བཤེར་གཞན་དག་ཐད་ཐོན་པའི་གནད་དོན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བཅས་གནང་ཡོད།

གྲོས་ཚོགས་ཐོག ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་བ་བྱ་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་པར། འགག་རྩ་ནི་ཕྱི་ཕྱོགས་སུ་སྒོ་དབྱེ་རྒྱ་སྐྱེད་སྔར་བས་ལྷག་པ་བྱེད་དགོས་པ་དང་། ཁྲོམ་ར་ཅན་གྱི་བསྒྱུར་བཅོས་དང་དཔལ་འབྱོར་བྱ་ཐབས་ལག་བསྟར་བྱས་ཏེ་ཁེ་ལས་ཀྱི་ནང་སྐྱེས་འགུལ་ཤུགས་སྟོབས་ཆེར་གཏོང་རྒྱུར་དོ་སྣང་སྔར་བས་ལྷག་པ་བྱེད་དགོས་ཞེས་བསྟན་འདུག གྲོས་ཚོགས་ཐོག་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་ཡོང་ཐབས་གཏན་འཁེལ་བྱས་ཡོད་པ་སྟེ། གཅིག་ནས། ནང་འདྲེན་སྒོ་ཁྲལ་གྱི་སྤྱིའི་ཆུ་ཚད་མུ་མཐུད་དམའ་རུ་གཏོང་རྒྱུར་ཞིབ་འཇུག་བྱས་ནས། ཕྱིར་གཏོང་ཁྲལ་དངུལ་གྱི་ཕྱིར་སློག་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གཉིས་ནས། ཕྱིར་གཏོང་ཡིད་རྟོན་ཁག་ཐེག་ནུས་པ་འདོན་སྤེལ་སྔར་བས་ལྷག་པ་བྱས་ནས། ཁག་ཐེག་གྲོན་དངུལ་ཉུང་གཏོང་དང་། ཁེ་ལས་ཀྱི་དགོས་མཁོ་དང་འཚམ་པའི་ཉེན་འགོག་བྱ་ཐབས་ཞིབ་འཇུག་དང་འདོན་སྤེལ་བྱེད་རྒྱུ། དངུལ་རྩའི་ཚན་པར་སྣེ་ཁྲིད་བྱས་ནས་མ་དངུལ་རུབ་བསྡུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། གསུམ་ནས། ས་ཁོངས་བརྒལ་བའི་དྲ་ཐོག་ཚོང་ཁང་དང་། དཔྱ་ཁྲལ་ཁག་ཐེག་ཉམས་གསོ་སོགས་ཀྱི་ལས་རྣམ་གསར་པ་ཆགས་པ་བྱས་ནས། ནང་འདྲེན་དཔེ་སྟོན་ཁུལ་གསོ་སྤེལ་བྱེད་རྒྱུ། བཞི་ནས། ཉོ་ཚོང་སྟབས་བདེ་ཅན་གྱི་ཆུ་ཚད་གོང་མཐོར་བཏང་ནས། འགག་སྒོ་གྲོལ་བའི་དུས་ཚོད་ཐུང་དུ་དང་འགག་སྒོའི་གླ་རིན་སྔར་བས་ཉུང་དུ་གཏོང་རྒྱུ། དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས། སྲིད་ཇུས་གྲབས་གསོག་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་མ་ཟད་དུས་ཐོག་ཏུ་འདོན་སྤེལ་བྱས་ཏེ། ཕྱི་ཕྱོགས་ཉོ་ཚོང་བརྟན་པོའི་ཁྲོད་སྤུས་ཚད་མཐོར་གཏོང་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་ཡིན་པ་བསྟན་ཡོད།

གྲོས་ཚོགས་ཐོག སྤྱི་ཚོགས་འགན་བཅོལ་གྲོན་ཚད་ཉུང་གཏོང་བྱེད་པ་དེ་ནི། ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཁྲོམ་རའི་གཙོ་གཟུགས་ཀྱི་གསོན་ཤུགས་སྐུལ་སློང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། མིག་སྔར་རང་རྒྱལ་གྱི་སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ཁག་གི་འཁོར་སྐྱོད་བྱེད་པའི་གནས་ཚུལ་སྤྱིའི་ཆ་ནས་དོ་སྙོམས་ཡིན་པ་དང་། དུས་ཐོག་ཏུ་ཆད་ལུས་མེད་པར་གཏོང་སྤྲོད་བྱ་རྒྱུར་འགན་ལེན་བྱས་ཡོད། ལོ་སྟོད་དུ་སྤྱི་ཚོགས་འགན་བཅོལ་གྲོན་ཚད་ཉུང་གཏོང་བྱེད་པའི་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ཡིན་པ་དང་། ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་སོགས་ཀྱི་གྲོན་དངུལ་ཉུང་གཏོང་ཐུབ་ཚད་སྒོར་དུང་ཕྱུར་༡༢༨༠ལས་བརྒལ་ཡོད། གོམས་སྟབས་རྗེས་མར། ངེས་པར་དུ་སྤྱི་ཚོགས་འགན་བཅོལ་གྱི་གྲོན་ཚད་ཉུང་གཏོང་འགན་ལེན་བྱེད་དགོས་པ་དང་། གཞི་རྩའི་རྒན་གསོའི་མ་དངུལ་དུས་ཐོག་ཏུ་འདང་ངེས་གཤམ་སྤྲོད་ཐུབ་རྒྱུར་འགན་སྲུང་བྱ་རྒྱུའི་བླང་བྱར་གཞིགས་ཏེ། སྲིད་ཇུས་ཆད་ལུས་མེད་པའི་ཐོག་ནས་དོན་འཁྱོལ་ཐུབ་རྒྱུར་འགན་ལེན་བྱེད་དགོས། གྲོན་དངུལ་བསྡུ་ཐབས་བརྟན་པོ་ཡོང་བ་བྱེད་པ་དེས། ཞིང་ཆེན་ཁ་ཤས་སུ་ལྷག་བསྡད་པའི་ཞིང་ཆེན་ནང་ཁུལ་གྱི་གྲོན་ཚད་དང་། གྲོན་འཇལ་གྱི་གཞི་གྲངས་ཚད་གཞི་གཅིག་གྱུར་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ད་ལོ་གཞི་རྩའི་ཆ་ནས་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུ་མིན་པ་རེད། ས་གནས་ཁག་གིས་གཞི་རྩའི་རྒན་གསོའི་མ་དངུལ་གཤམ་སྤྲོད་བྱེད་པའི་གཙོ་གཟུགས་འགན་འཁྲི་འཁྱེར་ཏེ། དུད་ཚང་གཅིག་ཀྱང་མི་ལུས་པ་བྱེད་དགོས་ཞེས་བསྟན་ཡོད།

སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་རྒྱུན་མཐུད་རང་བཞིན་ཤུགས་ཆེར་གཏོང་ཆེད། རྒན་གསོའི་སྤྱི་ཚོགས་འགན་སྲུང་གི་ལམ་ལུགས་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་དང་། གྲོས་ཚོགས་ཐོག ད་ལོ་ཁྱོན་ཡོངས་ནས་ཀྲུང་དབྱང་དང་ས་གནས་ཀྱི་གཞུང་ཁོངས་དང་། གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་ཆེ་འབྲིང་། དངུལ་རྩའི་ལས་ཁུངས་བཅས་ཀྱི་གཞུང་ཁོངས་རྐང་དབང་བརྒྱ་ཆ་༡༠ལག་བེད་སྤྱོད་བྱས་ཏེ། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་ལྷན་ཚོགས་དང་ས་གནས་ཀྱི་འབྲེལ་ཡོད་སྦྲེལ་མཐུད་གཙོ་གཟུགས་ལ་བསྒྱུར་རྒྱུ་མ་ཟད། ནོར་དོན་མ་འཇོག་བྱེད་མཁན་ཡིན་པའི་ངོས་ནས། སྒྲིག་སྲོལ་ལྟར་ཁེ་ཕན་ཐོབ་དབང་སོགས་ཀྱི་དབང་ཆ་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།

གྲོས་ཚོགས་ཐོག སྤྱི་ལོ་༢༠༡༨ལོའི་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་གནས་ཚུལ་དང་། ནོར་སྲིད་གཏོང་ཡོང་རྩིས་བཤེར་གྱི་མཇུག་འབྲས་སྤྱི་བསྒྲགས་བྱས་ཟིན་པ་དང་། རྩིས་བཤེར་བྱས་ནས་གནས་ཚུལ་འཚོལ་བརྙེད་ཐུབ་པ་དག་ས་གནས་ཁག་དང་ཚན་པ་ཁག་གིས་དུས་ཐོག་ཏུ་ལེགས་བཅོས་གནད་ལ་འཕིགས་པ་བྱེད་པ་དང་། སྤྱི་ཟླ་༡༠པའི་ཟླ་མཇུག་གི་གོང་དུ་རྒྱལ་སྲིད་སྤྱི་ཁྱབ་ལ་གང་དེའི་འབྲས་བུ་སྙན་ཞུ་འབུལ་དགོས་པ་མ་ཟད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་རྗེས་སྤྱི་བསྒྲགས་བྱེད་དགོས། སྔོན་རྩིས་ཀྱི་ཡོངས་བསྒྲགས་ཁ་གསལ་དང་ལྡོག་མེད་རང་བཞིན་ཤུགས་ཆེར་བཏང་ནས། གང་བྱུང་དུ་མ་དངུལ་བེད་སྤྱོད་བྱ་རྒྱུར་བཀག་འགོག་བྱེད་དགོས། སྲིད་གཞུང་ནས་གྲོན་ཆུང་བསྲི་ཚགས་བྱས་ཏེ། གོང་འཕེལ་དང་དམངས་འཚོའི་མཁོ་གནད་ཆེན་པོ་འགན་སྲུང་བྱེད་པ་དང་། ལྷག་པར་དུ་གྲོན་དངུལ་ཉུང་གཏོང་སོགས་ཀྱི་བྱ་ཐབས་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱེད་དགོས་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།