མཚོ་སྔོན་གྱིས། བོད་སྨན་ཚད་ལྡན་སྣ་ཁ་དྲུག་ཞིབ་བཟོ་ལམ་ལྷོངས་བྱུང་བ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡིས་འགན་འཁུར་བའི་རྒྱལ་ཁབ་ཀྱི་རང་བྱུང་ཐོན་རྫས་ཀྱི་ཚད་ལྡན་དཔེ་མཚོན་ཐོན་རྫས་6གི་ཞིབ་བཟོའི་རྣམ་གྲངས་ལ་ཉེ་ཆར་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་ཐོབ་ཡོད་པ་རེད།

2006ལོར། བོད་ལུགས་གསོ་བ་རིག་པ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་མིང་གཞུང་ཁག་དང་པོར་བཅུག་པ་དང་། ཉེ་ལམ་ལོ་ཤས་རིང་། བོད་ལུགས་གསོ་བ་རིག་པས་སྲོལ་རྒྱུན་རྒྱུན་འཛིན་བྱས་པ་དང་ཆབས་ཅིག ཚད་ལྡན་ཅན་དང་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ཡོད་པ་རེད།

ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ལི་ཡུས་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ལས་ཀ་བྱ་ཡུལ་ཚན་ཞིབ་ཚོགས་པས་2015ལོར“རྒྱལ་ཁབ་ཀྱི་རང་བྱུང་བོད་སྨན་ཚད་ལྡན་དཔེ་མཚོན་ཐོན་རྫས་6གི་ཞིབ་བཟོའི་རྣམ་གྲངས”ལག་ལེན་བསྟར་འགོ་ཚུགས་པ་དང་། ཧྲན་ཏུང་ཞིང་ཆེན་དབྱེ་ཞིབ་ཚོད་ལྟ་ལྟེ་གནས་དང་མཉམ་ལས་བྱས་པ་རེད། ཚན་ཞིབ་མི་སྣ་10ཙམ་གྱིས་དཀའ་སྤྱད་འགག་སྒྲོལ་བྱས་པ་བརྒྱུད། ཨ་རུ་དང་། ཟར་མ། སྤང་རྒྱན་རིགས་སོགས་བོད་སྨན་སྨན་རྩྭ་རིགས་6གི་ཁྱད་ཆོས་རང་བཞིན་གྱི་འགྱུར་ཆེའི་རྫས་འགྱུར་གྲུབ་ཆ་ཞིབ་འཇུག་བྱ་ཡུལ་དུ་བརྩིས་ནས་རྒྱལ་ཁབ་ཀྱི་བོད་སྨན་ཚད་ལྡན་དཔེ་མཚོན་ཞིབ་བཟོ་བྱས་པ་རེད།

“བོད་སྨན་ཚད་ལྡན་སྣ་ཁ་དྲུག་པོ་དེ་དག་དེ་སྔོན་གྱི་གྲུབ་ཆ་མི་འདྲ་ལ་སྤུས་ཚད་ཧེ་བག་ཆེ་བའི་དཀའ་གནད་ཐག་གཅོད་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དེ་ལས་བོད་ལུགས་གསོ་བ་རིག་པ་སྲོལ་རྒྱུན་གྱི་བོད་སྨན་བཟོ་ཁང་ནས་ཚད་ལྡན་ཅན་གྱི་ཐོན་ལས་ཕྱོགས་སུ་འཕེལ་རྒྱས་ཆེ་ཙམ་ཕྱིན་པ་མཚོན་ཡོད”ཅེས་བོད་སྨན་ཚད་ལྡན་ཞིབ་བཟོའི་ལས་ལ་ཡུན་རིང་་གཞོལ་མཁན་ལི་ཡུས་ལིན་གྱིས་བརྗོད།