སྨན་བཅོས་རིགས་གཅིག་མཁས་ཅན་ 800ཙམ་ཡུན་ནན་བདེ་ཆེན་དུ་སྨན་བཅོས་བྱེད་པར་བསྐྱོད་པ།
སྤེལ་བའི་དུས་ཚོད། : 2019-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། 2019ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་རུ་སྤེལ་བ་རེད། ད་ཐེངས་ཀྱི་བྱེད་སྒོར“བཀྲ་ཤིས་བདེ་ཆེན། བདེ་ཐང་ཀྲུང་གོ”བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སྨན་བཅོས་སྒྲིག་གཞི་333གྱི་སྡེ་ཁག་27ནས་སླེབས་པའི་སྨན་བཅོས་རིགས་གཅིག་མཁས་ཅན་དང་དེ་བཞིན་དང་བླངས་པ་800ཙམ་གྱིས་སྤྲོ་སེམས་འཁོལ་བའི་སྒོ་ནས་བདེ་ཆེན་མི་དམངས་ལ་བདེ་ཐང་བསྐྲུན་པ་རེད། དེ་ནི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྤྱི་ཕན་རྣམ་གྲངས་ལོ་5ཡི་རྗེས་སུ་སླར་ཡང་བདེ་ཆེན་ཀྲོའུ་རུ་སྤེལ་བ་ཞིག་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་8ནས་14ཉིན་བར་སྨན་བཅོས་ཚོགས་པ་4སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། ཝེ་ཤིས་ལི་སུའུ་རིགས་རང་སྐྱོང་རྫོང་། བདེ་ཆེན་རྫོང་བཅས་ཀྱི་ཤང་དང་གྲོང་རྡལ་29རུ་བསྐྱོད་དེ་སྨན་བཅོས་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་ཡིན་པར་འོས་འགན་སྐོར་སྐྱོད་སྨན་བཅོས་དང་། གཅེས་སེམས་མཚོན་པའི་ཞལ་འདེབས། ལྷན་སྐྱེས་སྙིང་ནད་དང་། ཀླད་སྐྱོན། རུས་ཚིགས་ཀྱི་གཉན་ཁ། གྲུམ་ནད། མཆིན་པའི་ཐུམ་འབུའི་ནད་སོགས་བརྟག་དཔྱད་དང་རོགས་སྐྱོབ། ཨེ་ཙི་ནད་དང་དེ་བཞིན་འགོས་ནད་གཞན་དག་གི་འགོག་བཅོས་དང་ཚན་རིག་ཁྱབ་སྤེལ་གྱི་སློབ་གསོ། དགོན་སྡེའི“འདུ་འགོད་གཅིག་རེ་བཞི”དང་། “ཀྲུང་གོའི་བདེ་ཐང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ”ཀྱི་རྣམ་གྲངས་ལག་བསྟར། “ཨ་མའི་འཁྲུད་ཁང”འཛུགས་སྐྲུན་སོགས་ཚུད་ཡོད་པ་རེད།

ཉིན་དེར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་བྱེད་སྒོ་དངོས་སུ་འགོ་བཙུགས་རྗེས། སྨན་བཅོས་རིགས་གཅིག་མཁས་ཅན་ཚོ་རིགས་ཁག་གི་སྨན་བཅོས་སྒྲིག་གཞིར་བསྐྱོད་དེ་སློབ་ཚན་ཁྲིད་པ་དང་ནད་ཐོག་སློབ་ཁྲིད་བྱས་ནས་སྨན་བཅོས་རིག་ཚན་གྱི་འཛུགས་སྐྱོང་ཆུ་ཚད་མཐོ་རུ་འགྲོ་བར་རོགས་རམ་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣར་ཆེད་མངགས་གསོ་སྦྱོང་བྱས་ཏེ་གཞི་རིམ་སྨན་པའི་དོན་དངོས་ཀྱི་སྨན་བཅོས་འཇོན་ཐང་ཆེ་རུ་བཏང་བ་རེད། བདེ་ཆེན་དུ་ཁྲག་ཤེད་མཐོ་བ་དང་། འདུས་འདྲིལ་གཅོང་ནད། མཆིན་ནད་ལྡེམ་བུ་སོགས་ཀྱི་ནད་པ་མང་བའི་གནད་དོན་ལ་དམིགས་ཏེ་སྨན་བཅོས་རིགས་གཅིག་མཁས་ཅན་གྱིས“བདེ་ཐང་ཀྲུང་གོའི་སློབ་ཁང་ཆེན་པོ”བརྒྱུད་ས་གནས་ས་ཐོག་ཏུ་གནས་དེའི་མང་ཚོགས་ཀྱི་དོགས་གནད་བསལ་བ་དང་ནད་འགོག་ནད་བཅོས་ཀྱི་ཤེས་བྱ་བརྒྱུད་ཁྲིད་བྱས་ནས་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་བ་རེད། གཞན་ཡང་། “མཐའ་མཚམས་ཀྱི་གྲོང་ཚོའི་སྨན་བཅོས་ཡན་ལག་རུ་ཁག”ཐག་རིང་ལུང་ཁུག་གི་འབྲོག་ཁུལ་གྱི་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་ནད་་བསྟེན་པར་སྟབས་བདེ་མེད་པ་དང་། ནད་གཞིས་རྐྱེན་པས་དབུལ་པོར་གྱུར་པ། ནད་ཕོག་ནས་ཉལ་སར་ལུས་པ་བཅས་ཀྱི་ཞིང་འབྲོག་ནད་པར་སྨན་བཅོས་དང་། སྨན་སྤྲོད་པ། གཅེས་སེམས་མཚོན་པའི་ཞབས་འདེགས་འབུལ་བ་སོགས་བྱས་པ་རེད།

“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་དུ་གཏོད་པའི”སྤྱི་ཕན་བྱེད་སྒོ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུས་མཛུབ་ཁྲིད་བྱས་ནས་2008ལོར་འགོ་བཙུགས་པ་ཞིག་རེད། ལོ་བཅུ་གཅིག་རིང་རྒྱལ་ཡོངས་ཀྱི་སྨན་བཅོས་སྒྲིག་གཞི་500ཙམ་གྱི་སྨན་དོན་མི་སྣ་དང་དེ་བཞིན་དང་བླངས་པ་ཁྲི་2.2བོད་དང་། སི་ཁྲོན། ཉིང་ཞ། ཡུན་ནན་སོགས་སུ་མི་རིགས་ཁག་གི་སྤུན་ཟླ་མི་ཐེངས་ཁྲི་52ཙམ་ལ་སྨན་བཅོས་རོགས་སྐྱོབ་དང་བདེ་ཐང་རོགས་སྐྱོར་ལ་བསྐྱོད་པ་རེད།