དུས་རབས་གསར་པར་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གནས་བབ་གསར་པ་དེ་གང་དུ་ཡོད།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དུས་རབས་གསར་པར་སླེབས་པ་དང་། ལས་འགན་གསར་པ་ཡོད་ལ། རྒྱལ་སྤྱིའི་ཁོར་ཡུག་ཀྱང་གསར་པ་ཡིན། ཉིན་ཤས་གོང་སྐོང་ཚོགས་བྱས་པའི་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་དང་། ཀྲུང་གོ་དང་ཨུ་རུ་སུའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་ཞིབ་བསྡུར་ཚོགས་འདུའི་ཐོག ཚོགས་ཞུགས་རིགས་གཅིག་མཁས་པས། འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་བ་ཆེན་པོ་འགྲོ་བའི་དུས་བབ་འོག ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུའི་ཐད་དོན་དངོས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ལ་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

སྤྱི་ལོ་2019ལོའི་ཟླ་བ་6པའི་ཚེས་5ཉིན་ནས་ཚེས་7ཉིན་བར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་་ཨུ་རུ་སུར་རྒྱལ་དོན་འཚམས་འདྲི་གནང་ཡོད། འཚམས་འདྲི་གནང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་གནང་བས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་གསར་པའི་ཐོག་མཐོ་རུ་ཕྱིན་ཡོད་པ་་རེད།

ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གནས་བབ་གསར་པ་དེར་་ལས་འགན་གསར་པ་ཡོད། ཀྲུང་གོའི་དེང་རབས་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་ཁང་གི་དེ་སྔའི་འགོ་འཛིན་ཅི་ཀྲེ་ཡེ་ཡིས། དུས་རབས་གསར་པར། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་མདུན་དུ་ལས་འགན་གཙོ་བོ་གསར་པ་འཕྲད་ཅིང་། ཚང་མས་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་དེ་རྒྱལ་ནང་གི་ལས་འགན་གཙོ་བོར་བརྩི་གི་ཡོད། ཀྲུང་གོའི་ལས་འགན་གཙོ་བོ་ནི་རྒྱལ་ནང་གི་གོང་འཕེལ་བརྟན་དུ་གཏོང་བ་དང་། སྔར་བས་སྒྱུར་བཅོས་སྒོ་དབྱེ་བྱེད་པ། ཐོན་ལས་བརྗེ་སྒྱུར་དང་རིམ་འཕར་ལེགས་གྲུབ་བྱེད་པ། དབུལ་གྲོལ་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ། སྤྱི་ལོ་2020ལོར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བཅས་བྱེད་པ་མ་ཟད། དུས་རབས་འདིའི་དུས་དཀྱིལ་དུ་་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་རྒྱུར་རྨང་གཞི་ཡག་པོ་འདིང་རྒྱུ་དེ་རེད། སྤྱི་ལོ་2018ལོའི་ཟླ་བ་3པར་ཕུ་ཅིང་གིས་ཙུང་ཐུང་གི་འགན་གནས་བསྟུད་འཛིན་བྱས་རྗེས། ལོ་དེར་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་ནང་། ཁོང་གིས་ཨུ་རུ་སུའི་སླད་ཕྱིན་ལོ་དྲུག་གི་གོང་འཕེལ་དམིགས་འབེན་རབ་དང་རིམ་པ་བཏོན་ཡོད་ཅིང་། དེའི་ནང་ཨུ་རུ་སུའི་དཔལ་འབྱོར་འཕར་ཚད་སླད་ཕྱིན་ལོ་དྲུག་ནང་འཛམ་གླིང་དཔལ་འབྱོར་གྱི་ཆ་སྙོམས་འཕར་ཚད་ལས་བརྒལ་བ་དང་། དུས་རབས་འདིའི་ལོ་རབས་ཉི་ཤུ་པའི་དུས་དཀྱིལ་དུ་སླེབས་སྐབས། ཨུ་རུ་སུའི་དཔལ་འབྱོར་འཛམ་གླིང་གི་མདུན་གྱི་ཨང་ལྔའི་ནང་སླེབས་པ་བྱེད་རྒྱུ་སོགས་ཚུད་ཡོད་ཅེས་བསྟན་ཡོད་པ་རེད།

ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བའི་གནས་བབ་གསར་པ་དེ་རྒྱལ་སྤྱིའི་ཁོར་ཡུག་གསར་པར་ཐུག་ཡོད། མིག་སྔའི་རྒྱལ་སྤྱིའི་ཁོར་ཡུག་གིས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་རང་སོ་སོའི་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པའི་ཐད། གོ་སྐབས་ཡོད་ལ་འགྲན་རྩོད་ཀྱང་ཡོད། ཅི་ཀྲེ་ཡེ་ཡིས། ཚན་རྩལ་རིག་ནུས་ཅན་དང་། སྤྱི་ཚོགས་ཆ་འཕྲིན་ཅན། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན། འཛམ་གླིང་སྣེ་མང་ཅན་བཅས་ཀྱི་འཕེལ་ཕྱོགས་དེས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་ཐུན་མོང་ཐོག་གོང་འཕེལ་ཡོང་རེ་བྱེད་པར་ཕན་ཐོགས་ཡོད། འོན་ཀྱང་དེ་དང་ཆབས་ཅིག ནུབ་ཕྱོགས་རྒྱལ་ཁབ་ཆེན་པོ་རེ་ཟུང་གིས་རིག་ནུས་ལག་རྩལ་སྒེར་སྡོམས་བྱེད་པ་དང་། ཆ་འཕྲིན་སྤྱི་ཚོགས་ཀྱི་ཁ་ལོ་བསྒྱུར་ནས། བརྩན་དབང་རིང་ལུགས་ལ་སྲུང་སྐྱོང་བྱེད་ཀྱི་ཡོད། འཛམ་གླིང་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། འཛམ་གླིང་ཧྲིལ་པོ་ཅན་གྱི་དུས་རབས་ཀྱི་རླབས་རྒྱུན་ལས་ལྡོག་གི་ཡོད། ངོ་བོ་རྦད་དེ་གཅིག་པ་མིན་པའི་འཕེལ་ཕྱོགས་གཉིས་པོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཟང་ཟིང་དང་གཏན་འཁེལ་མེད་པའི་རང་བཞིན་བཟོས་ཡོད་པ་མ་ཟད། ཐ་ན་གདོང་ཐུག་དང་དམག་འཁྲུག་ལངས་པའི་ཉེན་ཁ་ཡང་བཟོས་ཡོད་པས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོས་རང་ངོས་དམིགས་འབེན་མངོན་འགྱུར་ཡོང་བའི་ཐད་རྙོག་དྲ་དང་དཀའ་ངལ་བཟོས་ཡོད་ཅེས་བསྟན་ཡོད་པ་རེད།

མཉམ་འབྲེལ་གསལ་བསྒྲགས་ནང་། ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བའི་ནང་དོན་ཕྱོགས་བསྡོམས་བྱས་ཚེ། ཕན་ཚུན་རོགས་རེས་དང་། མཉམ་སྦྲེལ་མཉམ་མཐུད་གཏིང་ཟབ་པ། གསར་གཏོད་གསར་སྐྲུན། སྤྱི་ཕན་གཉིས་རྒྱལ་བཅས་ཡིན། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་རྒྱལ་སྲུང་དྲག་དཔོན་ཟུར་པ་ཝང་ཧའེ་ཡུན་གྱིས། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་་སྤུས་ཚད་མཐོ་རུ་དང་རིམ་འཕར་ཡོང་རྒྱུར་དགོས་ངེས་རང་བཞིན་ལྡན་ཡོད་ཅེས་བསྟན་ཡོད་པ་རེད།

བདེ་འཇགས་འཐབ་ཇུས་ཀྱིས་་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྤུས་ཚད་མཐོ་རུ་དང་རིམ་འཕར་ཡོང་རྒྱུར་བླང་བྱ་བཏོན་ཡོད། ཝང་ཧའེ་ཡུན་གྱིས། སྣེ་གཅིག་གི་བརྩན་དབང་ཤུགས་ཆེར་འགྲོ་བའི་རྒྱལ་སྤྱིའི་རྒྱབ་ལྗོངས་འོག ནུབ་ཕྱོགས་རྒྱལ་ཁབ་ཆེན་པོ་རེ་ཟུང་ནས་ཀྲུང་གོ་དང་ཨུ་རུ་སུ་དེ་ཉིད་འཐབ་ཇུས་འགྲན་ཡ་དང་ཉེན་ཁ་གཙོ་བོར་བརྩིས་ནས། སྐོར་བཅོམ་དང་བཀག་སྡོམ་ལག་བསྟར་བྱེད་ཀྱི་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་དགོས་མཁོ་དེས་་ཀྲུང་གོ་དང་ཨུ་རུ་སུས་འཐབ་ཇུས་རོགས་ལས་གཏིང་ཟབ་བྱེད་པ་དང་། དཔུང་པ་མཉམ་བཤིབ། ལག་གདང་འབྲེལ་བ། སེམས་པ་འབྲེལ་བ་བཅས་བྱས་ནས། ཕན་ཚུན་རོགས་རེས་དང་། ཕན་ཚུན་ཡིད་ཆེས། རོགས་ལས་མཉམ་རྒྱལ་བཅས་ཡོང་བ་བྱ་རྒྱུའི་བླང་བྱ་བཏོན་ཡོད་པའི་ངོས་འཛིན་གནང་གི་ཡོད།

འཛམ་གླིང་ལ་ལོ་བརྒྱར་མཐོང་དཀོན་པའི་འགྱུར་བ་ཆེན་པོ་འགྲོ་བའི་མདུན་དུ། ཀྲུང་གོ་དང་ཨུ་རུ་སུ་ནི་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཆབ་སྲིད་རིག་པ་ཁང་གི་འགོ་འཛིན་ཀྲང་ཧྲུའུ་ཧྭ་ཡིས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་མིའི་རིགས་དང་འཛམ་གླིང་གི་འཕེལ་ཕྱོགས་དང་འབྲེལ་བ་ཡོད། དེ་ནི་ཕྱོགས་རྐྱང་པའི་རིང་ལུགས་དང་ཕྱོགས་མང་རིང་ལུགས། ཁ་གཏད་དང་མཉམ་ལས། ཐ་ན་དམག་འཁྲུག་དང་ཞི་བདེ་བཅས་ཀྱི་ཡིན་མིན་ཆེན་པོའི་གནད་དོན་ཞིག་ཡིན། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་ཨུ་རུ་སུའི་ཡོ་རབ་ཤར་མ་དང་ཨེ་ཤེ་ཡ་དབུས་མའི་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ལི་ཡུང་ཧུའེ་ཡིས། དུས་རབས་གསར་པས་ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་ལ་ནང་དོན་གསར་པ་སྣོན་ཡོད་ཅིང་། ང་ཚོས་ཐུན་མོང་ཐོག་འགག་གཏོར་གསར་པ་ཡོང་རེ་བྱེད་པའི་ཆོད་སེམས་དང་། འབྱུང་འགྱུར་ལ་འཛིན་པའི་རེ་སྒུག་གསར་པ་མཚོན་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།