ཕུའུ་ཅིང་གིས་ཨུ་རུ་སུ་དང་ཀེ་ལུའུ་ཅི་ཡའི་དབར་གྱི་འབྲེལ་བ་རྙོག་འཛིང་ཆེ་རུ་གཏོང་བའི་གཏན་འབེབས་བཟོ་མི་སྲིད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་9ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཨུ་རུ་སུའི་གྲོང་ཁྱེར་ཡེ་ཁ་ཅེ་ལིན་པའོ་རུ་ཁོང་གིས་ཨུ་རུ་སུ་དང་ཀེ་ལུའུ་ཅི་ཡའི་དབར་གྱི་འབྲེལ་བ་རྙོག་འཛིང་ཆེ་རུ་གཏོང་བའི་གཏན་འབེབས་གང་ཡང་བཟོ་མི་སྲིད་ཅེས་བཤད་པ་རེད།

ཨུ་རུ་སུའི《ཆ་འཕྲིན་ཚགས་པར》གྱི་དྲ་ཚིགས་ཐོག་ཉིན་དེར་ཕུའུ་ཅིང་གི་སྐད་ཆ་དྲངས་ནས་མི་དམངས་ལ་བརྩི་འཇོག་དང་དེ་བཞིན་ཨུ་རུ་སུ་དང་ཀེ་ལུའུ་ཅི་ཡའི་འབྲེལ་བ་སླར་གསོ་བྱེད་པའི་དགོས་མཁོ་དང་བསྟུན་ནས་ཁོང་གིས་ཨུ་རུ་སུ་དང་ཀེ་ལུའུ་ཅི་ཡའི་འབྲེལ་བ་རྙོག་འཛིང་ཆེ་རུ་གཏོང་བའི་གཏན་འབེབས་གང་ཡང་བཟོ་མི་སྲིད་ཅེས་བཀོད་ཡོད་པ་རེད།

ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མ(གྲོས་ཚོགས་ཀྱི་གྲོས་ཁང་འོག་མ)ཡིས་ཉིན་དེའི་ཞོགས་པ་ཀེ་ལུའུ་ཅི་ཡར་ཉེ་དུས་ཐོན་པའི“ཨུ་རུ་སུར་ངོ་རྒོལ་བྱེད་པའི་བྱ་སྤྱོད”ལ་རྒོལ་གཏམ་བཏང་བ་དང་འབྲེལ་ཨུ་རུ་སུ་སྲིད་གཞུང་ལ་ཀེ་ལུའུ་ཅི་ཡར་དམིགས་བསལ་གྱི་དཔལ་འབྱོར་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུའི་གྲོས་འགོ་བཏོན་པ་རེད།

ཟླ་6ཚེས་20ཉིན། ཨུ་རུ་སུའི་རྒྱལ་ཁབ་ཏུའུ་མའི་གྲོས་མི་ཅ་ཧྥུའུ་ལི་ལུའོ་ཧྥུའུ་ཡིས་ཀེ་ལུའུ་ཅི་ཡའི་གྲོས་ཚོགས་ཀྱི་བྱེད་སྒོ་ཞིག་ནང་ཞུགས་སྐབས་ཀེ་ལུའུ་ཅི་ཡའི་གྲོས་དཔོན་གྱི་སྡོད་སར་བསྡད་ནས་གཏམ་བཤད་སྤེལ་བས་ཀེ་ལུའུ་ཅི་ཡའི་ངོ་རྒོལ་ཏང་དང་ས་གནས་དེ་གའི་དམངས་ཚོགས་ཁག་གཅིག་གིས་རྒོལ་གཏམ་བཏང་བ་རེད། ཟླ་6ཚེས་21ཉིན། ཕུའུ་ཅིང་གིས་ཟླ་7ཚེས་8ཉིན་ནས་བཟུང་ཨུ་རུ་སུའི་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་ཀེ་ལུའུ་ཅི་ཡར་གནས་སྐབས་འཕུར་མཚམས་འཇོག་རྒྱུའི་བཀའ་བཏང་བ་རེད། ཟླ་6ཚེས་22ཉིན། ཨུ་རུ་སུའི་འགྲིམ་འགྲུལ་པུའུ་ཡིས་ཟླ་7ཚེས་8ཉིན་ནས་བཟུང་ཀེ་ལུའུ་ཅི་ཡའི་མཁའ་འགྲུལ་ཀུང་སིའི་དམངས་སྤྱོད་མཁའ་འགྲུལ་གནམ་གྲུ་རྒྱལ་མཚམས་ནང་གནས་སྐབས་འཕུར་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་པ་རེད།