ཀྲུང་ཧྥེ་ལས་རིགས་སློབ་གསོའི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་བགྲོ་གླེང་ཚོགས་འདུ་ཝུ་ཀན་ཏར་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཁམ་ཕ་ལ་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། 2019ལོའི་ཀྲུང་ཧྥེ་ལས་རིགས་སློབ་གསོའི་རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་བགྲོ་གླེང་ཚོགས་འདུ་ཚེས་4དང་5ཉིན་ཝུ་ཀན་ཏའི་རྒྱལ་ས་ཁམ་ཕ་ལར་འཚོགས་པ་དང་། ཀྲུང་གོ་དང་། ཝུ་ཀན་ཏ། ཨེ་ཙེ་ཨོ་ཕི་ཡ། ཁེན་ནི་ཡ། ཐན་ཙན་ནི་ཡ་སོགས་ཀྱི་སློབ་གསོ་གཙོ་གཉེར་སྡེ་ཚན་དང་། ལས་རིགས་སློབ་གླིང་སོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ལྷག་ཙམ་ཚོགས་འདུར་ཞུགས་ཏེ་ཀྲུང་ཧྥེའི་ལས་རིགས་སློབ་གསོའི་མཉམ་ལས་ཀྱི་མདུན་ལམ་ལ་གྲོས་བསྡུར་བྱས་པ་དང་ཀྲུང་ཧྥེ་ཕྱོགས་གཉིས་དང་ཕྱོགས་མང་གི་སྤེལ་རེས་ལས་སྟེགས་བསྐྲུན་པ་རེད། ཝུ་ཀན་ཏར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སྲིད་དོན་ཚན་ཙན་ཁྲེན་ཧུའེ་ཤིན་གྱིས་འགོ་འཛུགས་ཤིས་ཚིག་བརྗོད་སྐབས་ལས་རིགས་རྩལ་ནུས་གསོ་སྦྱོང་ནི་ཀྲུང་གོ་དང་ཝུ་ཀན་ཏ་དང་ཀྲུང་ཧྥེའི་སློབ་གསོ་མཉམ་ལས་ཀྱི་གཙོ་གནད་ཁ་ཕྱོགས་ཀྱི་གྲས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་གཞོན་ནུར་མཁོ་འདོན་བྱས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་གི་ཁས་ལེན་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་མི་འབོར་གྱི་ཁེ་སྤོགས་དེ་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།

ཝུ་ཀན་ཏའི་མཐོ་རིམ་སློབ་གསོའི་རྒྱལ་དོན་པུའུ་ཀྲང་མུའུ་དབྱིན་ཀེས་ཝུ་ཀན་ཏས་ལས་རིགས་སློབ་གསོ་དེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་དང་ཕྱོགས་སྒྱུར་གྱི་སྒུལ་བྱེད་འཕྲུལ་འཁོར་ལ་བརྩིས་ནས་གཞོན་ནུར་ལས་ཞུགས་ཀྱི་གོ་སྐབས་མཁོ་འདོན་བྱ་རྒྱུ་ཡིན། ཝུ་ཀན་ཏ་ཕྱོགས་ཀྱིས་ཀྲུང་གོ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་སྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

ཉི་མའི་ཝུ་ཀན་ཏ་གཏོད་པའི་རྡོ་སྣུམ་སློབ་གླིང་གི་ཡོན་ཀྲང་མ་པོའོ་ཡིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་ལས་རིགས་ལག་རྩལ་སློབ་གསོ་དང་གསོ་སྦྱོང་མ་ལག་སྒྱུར་བཅོས་ཧུར་ཐག་བྱས་ནས་ཤེས་ལྡན་མི་སྣའི་དགོས་མཁོ་སྐོང་བཞིན་ཡོད། ཀྲུང་གོའི་ལོ་མང་གི་དཔལ་འབྱོར་འཕེལ་རྒྱས་ཀྱིས་ལས་རིགས་སློབ་གསོའི་མ་ལག་གི་ཆུ་ཚད་སྤྱི་ཡོངས་གོང་མཐོར་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཏེ་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་འཕེལ་རྒྱས་ཆེད་དཔྱད་གཞི་ཡག་པོ་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།