དབང་ཡང་གིས་ཨུ་ཡོན་གི་སློབ་ཁང་ཞེས་པའི བྱེད་སྒོའི་ནང་ཞུགས་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་ཡང་གིས་སྤྱི་ཚེས་༩ཉིན་པེ་ཅིན་དུ་ཨུ་ཡོན་གྱི་སློབ་ཁང་ཞེས་པའི་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། ཁོང་གིས། ཨུ་ཡོན་གྱི་སློབ་ཁང་ཞེས་པ་ནི་སྐབས་༡༣པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་དམངས་སྲིད་གྲོས་ལས་དོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱ་དགོས་པའི་སྐོར་གྱི་གལ་ཆེའི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགན་སྒྲུབ་གསར་སྐྲུན་འཚོལ་ཞིབ་བྱེད་པ་དང་སྲིད་གྲོས་ཨུ་ཡོན་གྱིས་ལས་རིགས་མི་འདྲ་བའི་མང་ཚོགས་ལ་འབྲེལ་བ་དང་མཐུན་སྒྲིལ་བྱེད་པ་དང་སྤྱི་ཚོགས་ལ་ཁ་ཕྱོགས་ནས་སྐད་ཆ་དྲང་པོ་ཤོད་པ་དང་ཐུན་མོང་ངོས་འཛིན་གཅིག་འདུས་དང་བརྒྱུད་བསྒྲགས་བྱེད་རྒྱུར་སྒྲིག་གཞི་ཅན་གྱི་སྟེགས་བུ་གསར་པ་ཞིག་སྐྲུན་ཡོད་པས་ཟམ་མི་ཆད་པར་ཕྱོགས་སྡོམ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་ཨུ་ཡོན་གྱི་སློབ་ཁང་དེ་བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་མི་དམངས་སྲིད་གྲོས་ཀྱི་ཕྱོགས་གཉིས་ཤུགས་འདོན་ཕུན་སུམ་ཚོགས་སུ་གཏོང་བའི་གལ་ཆེའི་གཞི་རྐྱེན་ཅིག་ལ་གྱུར་ཡོད་པ་དང་དེ་སྲིད་གྲོས་ཨུ་ཡོན་གྱིས་དུས་རབས་གསར་པར་འགན་འཁྲི་གསར་པ་ཁུར་ཕོད་པ་དང་བྱ་བ་གསར་པ་སྒྲུབ་པ་དང་མངོན་པར་བྱེད་པའི་གལ་ཆེའི་སྐར་ཁུང་ལྟ་བུ་ཞིག་ཏུ་འགྱུར་བ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་འདུག

དབང་ཡང་གིས། ཉེ་ལམ་ལོ་ཤས་རིང་། ཨུ་ཡོན་གྱི་སློབ་ཁང་དེས་སྲིད་གྲོས་ལས་དོན་གྱི་དོན་དངོས་དང་ཟུང་སྦྲེལ་བྱས་ནས་ཨུ་ཡོན་གྱི་ཐུན་མིན་བཟང་ཆ་འདོན་སྤེལ་གང་ལེགས་བྱས་པ་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་ གནད་དོན་གཙོ་བོར་དོ་ཁུར་བྱེད་རྒྱུའི་ཐད་ལེ་ཚན་ཁག་༡༦སྒྲ་འཇུག་བྱས་པ་མ་ཟད་ཁག་༦ཙམ་བསྟན་པར་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་དང་གདེང་འཇོག་རྒྱ་ཁྱབ་ཐོབ་ཡོད། དེ་ནི་སྲིད་གྲོས་ཨུ་ཡོན་གྱིས་རང་འགན་ལེགས་བསྒྲུབ་བྱེད་པའི་མཚོན་རྟགས་གསར་པ་ཞིག་ཡིན་པས་དོན་དངོས་ནང་ཟམ་མི་ཆད་པར་འཚོལ་ཞིབ་བྱེད་པ་དང་རྒྱུན་འཁྱོངས་བྱེད་པའི་ཁྲོད་དུ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། གྲོས་གཞི་ཇུས་བཀོད་ཞིབ་ཚགས་ཡག་པོ་བྱེད་པ་དང་སྲིད་ཇུས་ཀྱི་མཐོ་ཚད་དང་སྤྱི་ཚོགས་ཀྱི་མཐོ་ཚད། དམངས་འཚོའི་དྲོད་ཚད་བཅས་མངོན་པ་བྱེད་པ་དང་ཡིད་དབང་འཕྲོག་ཤུགས་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་གྲོས་ཀྱི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་བྱེད་པ། སྲིད་གྲོས་ཀྱི་སྒྲུང་གཏམ་ཡག་པོ་བརྗོད་དགོས། ཨུ་ཡོན་གྱིས་བྱ་བ་གཙོ་བོ་བསྒྲུབ་རྒྱུ་རྒྱུན་འཁྱོངས་དང་རང་ངོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་བེད་སྤྱོད་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་གལ་ཆེའི་བཀོད་ཇུས་བཀོད་སྒྲིག་ལ་ངོས་འཛིན་དང་གོ་བ་ལེན་རྒྱུར་གསལ་འགྲེལ་བྱེད་པ།ཏང་དང་སྲིད་གཞུང་ལ་རམ་འདེགས་ཀྱིས་དོགས་སེལ་དང་ཕྱོགས་འགལ་ཐག་གཅོད་བྱེད་པ། དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་སེམས་ནུས་གཅིག་ཏུ་སྒྲིལ་བའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། བརྒྱུད་བསྒྲགས་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་སྲིད་གྲོས་ཀྱི་ཤུགས་རྐྱེན་རྒྱ་ཆེར་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

དབང་ཡང་གིས། མི་དམངས་སྲིད་གྲོས་བཙུགས་ནས་ལོ་ངོ་༧༠འཁོར་གྲབས་ཡོད་པས་ད་ལོའི་ཨུ་ཡོན་གྱི་སློབ་ཁང་ལས་དོན་ཡག་པོ་བྱེད་རྒྱུ་དེ་མི་དམངས་སྲིད་གྲོས་བཙུགས་ནས་ལོ་ངོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་མུ་འབྲེལ་བྱེད་སྒོ་དང་ཟུང་སྦྲེལ་ཡག་པོ་བྱེད་པ་དང་ཨུ་ཡོན་ཚོས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་རྒྱུས་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལོ་རྒྱུས། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་ནན་ཏན་བྱེད་རྒྱུར་ཁྲིད་སྟོན་བྱེད་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་ཞེས་ནན་སྟོན་གནང་འདུག

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ཤིན་ཁྲེང་དང་ཧོ་ཝེའི་བྱེད་སྒོར་ཞུགས་ཡོད་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མ་ཀྲེ་ཝེའི་ཡིས་ཨུ་ཡོན་གྱི་སློབ་ཁང་ཐོག་མི་རབས་བཞིའི་སྲིད་གྲོས་ཨུ་ཡོན་ཚོས་རྒྱལ་གཅེས་བརྩེ་སེམས་རྒྱུན་འཛིན་བྱེད་ཅེས་པའི་སྙན་ཞུ་གནང་བ་མ་ཟད་སྙན་ཞུ་ཉན་མཁན་ཚོ་དང་མཉམ་སྒུལ་སྤེལ་རེས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།