ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོའང་གིས་ཀྲུང་གོས་ཨ་རིའི་ཕྱོགས་ནས་ཐའེ་ཝན་ལ་གོ་མཚོན་འཚོང་བའི་འཆར་གཞི་མེད་པ་བཟོ་རྒྱུའི་སྐུལ་མ་བཏང་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་ཕྱོགས་ནས་ཐའེ་ཝན་ལ་གོ་མཚོན་འཚོང་བའི་འཆར་གཞིར་དམིགས་ཏེ། སྤྱི་ཚེས་དགུ་ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོའང་གིས་ཀྲུང་གོས་དོན་དེར་མི་འདོད་པ་ཆེན་པོ་བྱེད་པ་དང་དེར་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་མ་ཟད་ཨ་རིའི་ཕྱོགས་ནས་ཐའེ་ཝན་ལ་གོ་མཚོན་འཚོང་བའི་འཆར་གཞི་འཕྲལ་དུ་མེད་པ་བཟོ་རྒྱུ་དང་། ཨ་རི་དང་ཐའེ་ཝན་གྱི་དམག་དོན་འབྲེལ་བ་གང་མགྱོགས་མཚམས་གཅོད་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

གནས་ཚུལ་སྤེལ་བའི་ནང་། ཨ་རིའི་རྒྱལ་སྲུང་པུའི་རྒྱལ་སྲུང་བདེ་འཇགས་མཉམ་ལས་ཅུད་ཀྱིས་ཨ་རིའི་རྒྱལ་ཚོགས་ལ་ཐའེ་ཝན་ལ་ཨ་སྒོར་དུང་ཕྱུར་ཉིས་ཤུ་རྩ་གཉིས་དང་བྱེ་བ་གཉིས་ཟིན་པའི་གོ་མཚོན་སྒྲིག་ཆས་འཚོང་རྒྱུའི་འཆར་གཞི་ཡོད་ཅེས་བརྡ་བཏང་ཡོད། དེའི་ནང་M1A2ཐན་ཁེ་དང་། དུག་ཚེར་མཁའ་ཟོན་མེ་ཤུགས་འཕུར་མདའ་སོགས་ཚུད་ཡོད། སྤྱི་ཚེས་དགུ་ཉིན་གྱི་ཕྱི་འབྲེལ་པུའི་འཆར་ཅན་གསར་འགོད་པའི་ཚོགས་འདུའི་ཐོག མགྲིན་ཚབ་པ་ཀེང་ཧྲོའང་གིས་ཨ་རིའི་ཕྱོགས་ནས་ཐའེ་ཝན་ལ་གོ་མཚོན་འཚོང་བ་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་རྩ་དོན་ལས་རྒྱབ་འགལ་ཚབས་ཆེན་བྱས་པ་ཞིག་དང་། དེ་ནི་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་ལས་རྒྱབ་འགལ་ཚབས་ཆེན་བྱས་པ་ཞིག དེ་ནི་ཀྲུང་གོའི་ནང་སྲིད་ལ་བཙན་བཤེད་ཀྱིས་ཐེ་ཇུས་བྱས་པ་དང་། ཀྲུང་གོའི་བདག་དབང་དང་བདེ་འཇགས་ཁེ་ཕན་ལ་གནོད་འཚེ་བཟོས་པ་ཞིག་བཅས་ཡིན། ཀྲུང་གོའི་ཕྱོགས་ནས་དེར་མི་འདོད་པ་ཆེན་པོ་བྱེད་པ་དང་ངོ་རྒོལ་མཐའ་ཅིག་ཏུ་བྱ་རྒྱུ་མ་ཟད་ཨ་རིའི་ཕྱོགས་དྲང་ནན་འབྲེལ་གཏུག་བྱས་ཟིན་ཞེས་གསུངས་ཡོད་པ་རེད།

ཀེང་ཧྲོའང་གིས། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་བྲལ་དུ་མེད་པའི་ཆ་ཤས་ཤིག་ཡིན། མི་སུས་ཀྱང་ཀྲུང་གོའི་སྲིད་གཞུང་དང་མི་དམངས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་བརྟན་སྲུང་བྱེད་པ་དང་། ཕྱི་རོལ་གྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་འགྱུར་མེད་ཀྱི་བློ་སྤོབས་དང་ཆོད་སེམས་ལ་ཚོད་དཔལ་དམའ་དྲག་རྒྱུ་མེད། ཀྲུང་གོས་ཨ་རིའི་ཕྱོགས་ནས་ཀྲུང་གོ་གཅིག་གི་རྩ་དོན་དང་ཀྲུང་གོ་དང་ཨ་རིའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་གཏན་འབེབས་བརྟན་སྲུང་ཞུ་རྒྱུ་དང་། གང་མགྱོགས་ཐའེ་ཝན་ལ་གོ་མཚོན་འཚོང་བའི་འཆར་གཞི་མེད་པ་བཟོ་བ་དང་ཐའེ་ཝན་བར་གྱི་དམག་དོན་འབྲེལ་བ་མཚམས་བཅད་དེ། ཀྲུང་གོ་དང་ཨ་རིའི་འབྲེལ་དང་ཐའེ་ཝན་མཚོ་ཁག་གི་ཞི་བདེ་བརྟན་ལྷིང་ལ་གནོད་འཚེ་མ་བཟོ་བའི་སྐུལ་མ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།