ཝང་ཆི་ཧྲན་གྱིས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་དགུ་ཉིན། ཀྲུང་ནན་ཧའེ་རུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཝང་ཨ་ཙེ་ཧྲ་དང་མཇལ་འཕྲད་གནང་ཡོད།

ཝང་ཆི་ཧྲན་གྱིས། ཀྲུང་གོ་དང་མ་ལེ་ཞི་ཡའི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བའི་ལོ་རྒྱུས་རིང་བ་དང་། དམངས་འདོད་ཀྱི་རྨང་གཞི་བརྟན་པོ་ཡོད། མིག་སྔར། ཀྲུང་གོས་ལོ་བརྒྱ་བྱས་པ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་བཞིན་ཡོད་པ་དང་། མ་ལེ་ཞི་ཡས་སྤྱི་ལོ་༢༠༣༠ལོའི་རླབས་ཆེའི་དམིགས་འབེན་མངོན་འགྱུར་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་མཉམ་དུ་ཀྲུང་གོ་དང་མ་ལེ་ཞི་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏན་འཁེལ་གནང་ནས་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་བཞི་བཅུ་ཞེ་ལྔ་སོང་བ་གོ་སྐབས་སུ་བཟུང་ནས་ཁྱབ་ཁོངས་ཁག་དང་བང་རིམ་ཁག་གི་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་དང་སྤྱི་ཚོགས་བཅོས་སྐྱོང་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ། ཕྱོགས་གཉིས་པོའི་ཁེ་ཕན་སྦྲེལ་ཐག་དམ་དུ་གཏོང་བ། ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་གྲོགས་བཟང་པོ་རྒྱུད་འཛིན་བྱེད་པ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་གང་མང་སྐྲུན་དགོས་ཞེས་གསུངས་ཡོད།

ཝང་ཨ་ཙེ་ཧྲ་ཡིས། མ་ལེ་ཞི་ཡའི་ཕྱོགས་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོའི་ཕྱོགས་དང་མཉམ་དུ་མ་ལེ་ཞི་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུད་འཛིན་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་ལ་མ་ལེ་ཞི་ཡ་དང་ཨེ་ཤི་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ནང་ཁོངས་སུ་ལྡན་པའི་མཉམ་ལས་ལྐོག་ཤུགས་སྔོག་འདོན་བཅས་བྱས་ནས་མ་ལེ་ཤི་དང་ཀྲུང་གོའི་འབྲེལ་བའི་འཐབ་ཇུས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བྱམས་པ་ཚེ་རིང་།