ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་དངོས་སུ་དབུ་བརྙེས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་གོ་སྐབས་སྔར་བས་མང་བ་གཏོད་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐབས་༡༢པའི་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་དམིགས་བསལ་དབུ་ཚོགས་སྤྱི་ཚེས་༧ཉིན་ནི་ཀྲིར་གྱི་རྒྱལ་ས་ནི་ཡ་མེར་འགོ་ཚུགས་པ་དང་། དབུ་ཚོགས་ཐོག་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་དངོས་སུ་དབུ་བརྙེས་པ་ཁྱབ་བསྒྲགས་བྱས་ཡོད།

ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་སྐབས། ནི་ཀྲི་རི་ཡ་དང་། པེ་ནི་ན་རྒྱལ་ཁབ་གཉིས་པོས་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་ཆོད་ལ་དངོས་སུ་མིང་རྟགས་བཀོད་པ་མ་ཟད་གྲོས་ཆོད་ཀྱི་ཆོག་མཆན་རེ་ཞུ་བྱས་ཡོད། མིག་སྔའི་བར་སླེབས་སྐབས། ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་༥༥ཁྲོད། ཨེ་ལི་ཐེ་ལི་ཡ་ཕུད་ཁོངས་གཏོགས་རྒྱལ་ཁབ་༥༤ཚང་མས་གྲོས་ཆོད་ལ་མིང་རྟགས་བཀོད་པ་དང་། དེ་དག་ཁྲོད་ཀྱི་རྒྱལ་ཁབ་༢༧གྱིས་རྒྱལ་ཁབ་དེ་རང་གི་འབྲེལ་ཡོད་ཁྲིམས་ལུགས་གོ་རིམ་བཞིན་གྲོས་ཆོད་ལ་ཆོག་མཆན་ཞུས་རྗེས་ཨ་ཧྥེ་རི་ཁ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཆོད་ལ་ཆོག་མཆན་གནང་རྒྱུར་བསྐྱལ་ཡོད།

ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་གྲོས་ཆོད་དེ་སྤྱི་ཟླ་༥པའི་ཚེས་༣༠ཉིན་ནས་བཟུང་དངོས་སུ་གོ་ཆོད་ཡོད། གལ་སྲིད་ཨ་ཧྥེ་རི་ཁའི་ཁོངས་གཏོགས་རྒྱལ་ཁབ་༥༥ཚང་མས་གྲོས་ཆོད་ལ་མིང་རྟགས་བཀོད་ཚེ། ཁོངས་གཏོགས་རྒྱལ་ཁབ་ཀྱི་གྲངས་འབོར་ཐད་ནས་བལྟས་ཚེ། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་དེ་ཉིད་འཛམ་གླིང་ཐོག་གི་རང་མོས་ཉོ་ཚོང་ཁུལ་ཆེ་ཤོས་སུ་འགྱུར་ནས། མི་འབོར་དུང་ཕྱུར་༡༢ཙམ་ལ་ཤུགས་རྐྱེན་ཐེབས་རྒྱུ་དང་། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་ཨ་སྒོར་དུང་ཕྱུར་༢དང་བྱེ་བ་༥ཁྲོམ་ར་ཆེན་པོ་ཞིག་ཏུ་གཏོད་ཐུབ་པའི་རེ་བ་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་རིགས་གཅིག་མཁས་པ་ཁ་ལིན་ཅིས། རང་མོས་ཉོ་ཚོང་ཁུལ་གྱིས་སྒོ་ཁྲལ་ཉུང་དུ་གཏོང་གང་ཐུབ་བྱས་ནས་ཚོང་ཟོག་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་ནང་འཁོར་རྒྱུག་ཐུབ་རྒྱུ་དང་ཕྱིར་གཏོང་ནང་འདྲེན་བྱ་རྒྱུར་སྟབས་བདེ་སྔར་བས་མང་བ་མཁོ་འདོན་བྱེད་རྒྱུ། དེ་བཞིན་ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་མ་འཇོག་ཁོར་ཡུག་ལེགས་བཅོས་བཅས་ཐུབ་རྒྱུ་རེད་གསུངས་ཡོད་པ་རེད།

ཁ་ལིན་ཅིས། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པ་དེས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་གོ་སྐབས་སྔར་བས་མང་བ་བསྐྲུན་ཐུབ་ཅེས་དང་། ཁོང་གིས། མཁའ་འགྲུལ་བཟོ་ལས་དཔེར་དྲངས་ནས་བརྗོད་ན། ཀྲུང་གོར་ཁྱབ་ཁོངས་དེའི་ཐད་ཀྱི་ལག་རྩལ་འཇོན་ནུས་ཆེན་པོ་ལྡན་ཡོད། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་གྱི་ཕན་ཡོད་སྲིད་ཇུས་གོ་སྐབས་སུ་བྱས་ཏེ། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ནུབ་ཕྱོགས་མཁའ་འགྲུལ་ལག་རྩལ་ལ་བརྟེན་དྲགས་པའི་གནས་བབ་ལ་འགྱུར་བ་གཏོང་རོགས་བྱེད་ཐུབ་ཅེས་གསུངས་ཡོད།

ཉི་ཀྲི་རི་ཡའི་ཀྲུང་གོའི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཨའོ་ནུར་ན་དབྱི་ཀྲུས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། ཨ་ཧྥེ་རི་ཁའི་རང་མོས་ཉོ་ཚོང་ཁུལ་དངོས་སུ་དབུ་བརྙེས་པ་ནི་ཨ་ཧྥེ་རི་ཁ་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུའི་བྱ་དོན་ཞིག་རེད། འབྲེལ་ཡོད་གྲོས་ཆོད་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས། ཁྱབ་ཁོངས་ནང་གི་ཉོ་ཚོང་བཀག་རྒྱ་རིམ་བཞིན་ཉུང་དུ་ཕྱིན་ཏེ། སྦྲེལ་མཐུད་སྒྲིག་ཆས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་འགྲོ་རྒྱུ་དང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་དབར་གྱི་ཉོ་ཚོང་གཞི་ཁྱོན་ཟམ་མི་ཆད་པར་རྒྱ་སྐྱེད་འགྲོ་རྒྱུ་མ་ཟད། རྒྱལ་ཁབ་ཁག་གིས་ཐོན་ལས་གྲུབ་གཞི་ལེགས་སྒྲིག་སྔར་བས་ལེགས་པ་བྱེད་པ་དང་། ཐོན་ལས་སྲིད་ཇུས་མཐུན་སྦྱོར་དང་ཁ་གསབ་བྱ་རྒྱུ། བཟོ་ལས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་ཡོད།

ཡིན་ནའང་ཁོང་གིས། རྨང་གཞིའི་སྒྲིག་བཀོད་མི་འདང་བ་དང་གོང་འཕེལ་དོ་སྙོམས་མིན་པ་སོགས་ཀྱི་གནད་དོན་གྱི་རྐྱེན་པས། ཨ་ཧྥེ་རི་ཁའི་གཅིག་གྱུར་ཁྲོམ་རས་ས་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་བར་དུས་ཚོད་ངེས་ཅན་དགོས་ཀྱི་ཡོད་པ་རེད། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོར་ཀྲུང་གོ་སོགས་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་གཞི་གཅིག་ཅན་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པར་བརྟེན་དགོས་ཀྱི་ཡོད། ཀྲུང་གོས་ཉེ་བའི་ལོའི་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཐོན་ནུས་མཉམ་ལས་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དེ། ཨ་ཧྥེ་རི་ཁའི་གོང་འཕེལ་མདུན་ལྗོངས་དང་ཡོངས་སུ་འཚམ་པ་དང་། ཨ་ཧྥེ་རི་ཁ་ཕྱོགས་ནས་ཀྲུང་གོས་མུ་མཐུད་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་འཇོག་བྱས་ནས། ས་ཁུལ་གྱི་མཉམ་འབྲེལ་མཉམ་མཐུད་ཆུ་ཚད་གོང་མཐོར་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་ཡོད།

ཨའོ་ནུ་ན་དབྱི་ཀྲུའུ་ཡིས། ཀྲུང་གོ་ནི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་བ་ཡིན་ལ། དངུལ་རྩ་དང་གློག་རྡུལ་ཚོང་དོན་གྱི་ཆུ་ཚད་ཀྱང་ཧ་ཅང་མཐོ་པོ་ཡོད། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་རང་མོས་ཉོ་ཚོང་ཁུལ་དབུ་བརྙེས་པ་དེའི་ཐོག་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བར་ཁམས་རྒྱ་ཆེར་ཕྱིན་པ་མཚོན་ཐུབ། ཀྲུང་གོས་འབྲེལ་ཡོད་ཐོན་ནུས་ཨ་ཧྥེ་རི་ཁར་སྤོ་འགྱུར་བྱས་ནས། ཨ་ཧྥེ་རི་ཁ་གླིང་དེ་ཉིད་ཀྱི་འཛམ་གླིང་རིན་ཐང་སྦྲེལ་ཐག་ཁྲོད་ཀྱི་གནས་བབ་གོང་མཐོར་བཏང་ཆོག་པ་སྟེ། དཔེར་ན། ཀྲུང་གོའི་གློག་རྡུལ་ཚོང་དོན་མགོ་འདྲེན་གྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནས་གློག་རྡུལ་ཚོང་དོན་སྟེགས་བུ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་ཐུབ་ལ། ས་ཁོངས་བརྒལ་བའི་དངུལ་རྩའི་སྡོམ་རྩིས་རྒྱག་རྒྱུར་སྐུལ་འདེད་དང་། ཨ་ཧྥེ་རི་ཁའི་བཟོ་སྐྲུན་དང་ཨ་ཧྥེ་རི་ཁའི་ཞབས་ཞུའི་འཁོར་རྒྱུག་ལའང་སྐུལ་འདེད་གཏོང་ཐུབ་ཅེས་གསུངས་ཡོད།

ཁེ་རོ་སློབ་ཆེན་གྱི་དཔལ་འབྱོར་རིགས་པའི་དགེ་རྒན་ཆེན་མོ་ཅ་པུ་ཨ་ལས། འབྱུང་འགྱུར་ཀྲུང་གོའི་ཁེ་ལས་དང་མ་འཇོག་བྱེད་མཁན་སྔར་ལས་མང་བར་ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་ནས་ཕན་ཁེ་ཐོབ་ཐུབ་ཅེས་དང་། ཁོང་གིས། ཨེ་ལྕེབ་ཁོ་ན་དཔེར་དྲངས་ནས་བརྗོད་ན། ཨ་ཧྥེ་རི་ཁ་སྐམ་ས་ཆེན་པོའི་རང་མོས་ཉོ་ཚོང་ཁུལ་གྱི་ཕན་ཡོད་སྲིད་ཇུས་དེ་ཉིད་ཨེ་རྗིབ་ཀྱིས་ཀྲུང་གོའི་མ་འཇོག་བྱེད་མཁན་སྔར་བས་མང་བ་འདྲེན་འགུག་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཏུ་འགྱུར་རྒྱུ་རེད། དེ་མིན། རང་མོས་ཉོ་ཚོང་ཁུལ་འཛུགས་པ་བརྒྱུད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དབར་གྱི་ཉོ་ཚོང་འགྲོ་འོང་བྱེད་ཤུགས་ཆེ་རུ་ཕྱིན་ནས། ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་དུས་ཡུན་རིང་བའི་རྣམ་གྲངས་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུར་སྟབས་བདེ་སྐྲུན་ཐུབ་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།