ལྷ་སའི་ཉིན་རེར་བཙོག་ཆུ་གཙང་བཟོ་བྱེད་ཚད་ཏུན་ཁྲི་20ཙམ་ཟིན་པ།
སྤེལ་བའི་དུས་ཚོད། : 2019-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་ལྗོངས་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2010ལོའི་ཟླ་4པ་ནས་ད་བར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་6.61བཏང་ནས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོ་བཟོ་གྲྭ་5བཙུགས་པ་དང་། བཙོག་ཆུ་གཙང་བཟོ་བྱེད་པའི་གཞི་ཁྱོན་ཉིན་རེར་ཏུན་ཁྲི་19.3ཟིན་པས། ལྷ་སའི་བཙོག་ཆུ་གཙང་བཟོའི་རྗེས་ལུས་ཀྱི་རྣམ་པ་ཆེས་ཆེར་ལེགས་སུ་བཏང་པ་དང་ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ལྷ་ས་གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཟོའི་ནུས་པ་འཕྲལ་དུ་ཆེ་རུ་གཏོང་དགོས་པའི་གནས་སུ་སླེབས་ཡོད། གྲོང་ཁྱེར་བཙོག་ཆུ་གཙང་བཟོའི་ལས་དོན་མགྱོགས་སུ་སྤེལ་ཆེད། ལྷ་ས་གྲོང་ཁྱེར་གྱིས་བཙོག་ཆུ་གཙང་བཟོའི་ཐད་ཀྱི་ཞན་ཆ་དེར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས། བཙོག་ཆུ་གཙང་བཟོ་བཟོ་གྲྭ་དུས་ཐེངས་དང་པོ་དང་གཉིས་པའི་ལས་གྲྭ་དང་། སྣེའུ་བཙོག་ཆུ་གཙང་བཟོ་བཟོ་གྲྭ སྟག་རྩེ་ཁུལ་བཙོག་ཆུ་གཙང་བཟོ་བཟོ་གྲྭ་བཅས་སྔ་རྗེས་སུ་བསྐྲུན་པ་རེད།

གཞན་ཡང་ལྷ་ས་གྲོང་ཁྱེར་གྱིས་2017ལོའི་ཟླ་8པ་ནས་བཟུང་། སྔ་རྗེས་སུ་པའེ་ཏེན་སློབ་གསོའི་གྲོང་ཁུལ་གྱི་བཙོག་ཆུ་གཙང་བཟོ་བཟོ་གྲྭ་དང་། སྙེ་མོ་རྫོང་དང་། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། ལྷུན་གྲུབ་རྫོང་། འདམ་གཞུང་རྫོང་བཅས་རྫོང་གྲོང་གི་བཙོག་ཆུ་གཙང་བཟོ་བཟོ་གྲྭ་5སྐྲུན་འགོ་བཙུགས་ལ། སྔོན་དཔག་བྱས་ན་2019ལོའི་ལོ་མཇུག་ཏུ་ཚང་མ་བསྐྲུན་ཟིན་པ་དང་འབྲེལ་སྤྱོད་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་བཙོག་ཆུ་གཙང་བཟོའི་གཞི་ཁྱོན་ཏུན་ཁྲི་2.3གསར་དུ་སྣོན་སྲིད་པ་དང་རྫོང་གྲོང་གི་བཙོག་ཆུ་གཙང་བཟོ་དཀའ་བའི་གནད་དོན་ཁྱོན་ཡོངས་ནས་ཐག་གཅོད་བྱ་རྒྱུ་ཡིན།

ལྷ་ས་གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ལྷ་ས་གྲོང་ཁྱེར་གྱིས“གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ”བཅས་སྲུང་སྐྱོང་དམག་འཐབ་ཡག་པོ་རྒྱག་རྒྱུར་དམིགས་ཏེ་རྒྱུན་མི་ཆད་པར་བཙོག་ཆུ་གཙང་བཟོའི་ཆུ་ཚད་མཐོ་རུ་བཏང་སྟེ་ལྷ་སའི་རི་སྔོ་ཆུ་དྭངས་དང་ཁོར་ཡུག་ལེགས་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།