མཚོ་སྔོན་གྱིས། བོད་ལུག་གི་ནད་འགོག་རིམས་འགོག་གི་གཞི་རྒྱུ་འཚོལ་ཞིབ་བྱས་པ།
སྤེལ་བའི་དུས་ཚོད། : 2019-07-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། བོད་ལུག་གསོ་ཚགས་ནད་ཡམས་ཀྱི་དཀའ་གནད་སེལ་བར་གཞོལ་བའི་རྨང་གཞིའི་ཚན་ཞིབ་རྣམ་གྲངས་ལ་གྲུབ་འབྲས་གསར་པ་ཐོན་པ་དང་། ཚན་ཞིབ་པས་རྒྱུད་འདེད་རིག་པའི་ཕྱོགས་ནས་བོད་ལུག་གི་ནད་འགོག་རིམས་འགོག་གི་གཞི་རྒྱུ་བཙལ་བ་དང་། ལེགས་གྲུབ་ཟིན་པའི་གྲངས་གཞིའི་དབྱེ་ཞིབ་ལ་བོད་ལུག་གི་གསོ་ཚགས་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།

རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེ་ཤོས་ལྔའི་གྲས་ཤིག་ཡིན་པའི་མཚོ་སྔོན་ཞིང་ཆེན་གྱི་བཀོལ་སྤྱོད་ཆོག་པའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་དུང་ཕྱུར་6ཙམ་ཡོད་པ་དང་། བོད་ལུག་གསོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། “འོན་ཀྱང་ནད་ཡམས་ནི་བོད་ལུག་གསོ་ཚགས་ཐད་འཕྲད་པའི་ཡུན་རིང་གི་དཀའ་གནད་ཆེན་པོ་ཞིག་རེད། ང་ཚོས་བརྟག་དཔྱད་གཏིང་ཟབ་བྱས་ཏེ་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། འབྲོག་ཁུལ་དུ་གཞི་ཁྱོན་ཅན་གྱི་གསོ་ཚགས་བྱས་ཏེ་ལུག་ཁྱུའི་མགོ་གྲངས་ལྟོས་བཅས་ཀྱིས་གཅིག་སྡུད་ཡིན་པ་དང་། ནད་ཡམས་འགོག་བཅོས་གནད་ལ་འཁེལ་མེད་པས་འབྲོག་པ་རྣམས་ལ་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་བཟོས་ཡོད”ཅེས་མཚོ་སྔོན་སློབ་ཆེན་ཞིང་འབྲོག་སློབ་གླིང་སྲོག་ཆགས་གསོ་རིག་ཚན་ཁག་གི་འབུམ་རམས་པ་ཡེ་ཀུའེ་ཧྲེང་གིས་བཤད།

2016ལོར། ཡེ་ཀུའེ་ཧྲེང་གནས་སའི་ཚན་ཞིབ་རུ་ཁག་གིས་རྣམ་གྲངས་རེ་ཞུ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཉེར་སྤྱོད་རྨང་གཞིའི་ཞིབ་འཇུག་འཆར་གཞིའི་རྣམ་གྲངས་ཀྱི་འགན་འཁུར་ནས་ནད་འགོག་རིམས་འགོག་གི་གཞི་རྒྱུ་བཙལ་ཏེ་རྗེས་སུ་བོད་ལུག་གི་ནད་འགོག་རིམས་འགོག་ཐུབ་པའི་རྒྱུད་བཟང་གསོ་ཚགས་ལ་རྨང་གཞི་བཏིང་བ་དང་། གསོ་ཚགས་ཐད་འཕྲད་པའི་ནད་ཡམས་ཀྱི་ཉེན་ཁ་ཆུང་དུ་བཏང་བ་རེད།

ལོ་གསུམ་རིང་། ཚན་ཞིབ་པས་བརྒྱུད་ཚད་མཐོ་བའི་རིམ་འཇལ་ལག་རྩལ་བརྒྱུད་དངུལ་རྭའི་བོད་ལུག་དང་། ས་མཐོའི་བོད་ལུག དེ་བཞིན་མཇུག་ཐུང་ལུག་བཅས་ཀྱི་མཚེར་པའི་ནད་འགོག་རིམས་འགོག་གི་འབྲེལ་ཡོད་གཞི་རྒྱུར་ཞིབ་འཇུག་བྱས་པ་རེད། དངུལ་རྭའི་བོད་ལུག་དང་། ས་མཐོའི་བོད་ལུག་ཁྲོད་ནས་ནད་འགོག་རིམས་འགོག་དང་འབྲེལ་བའི་ཧེ་བག་མཚོན་པའི་གཞི་རྒྱུ་253དང་280བདམས་ཏེ། དེའི་རྨང་གཞིའི་ཐོག་བྱེད་ནུས་དབྱེ་ཞིབ་ར་སྤྲོད་བྱས་མཐར་ནད་འགོག་རིམས་འགོག་གི་གཞི་རྒྱུ་ཞིག་འཚོལ་ཞིབ་ཐུབ་པ་མ་ཟད། སྐྱེ་དངོས་ཆ་འཕྲིན་བརྒྱུད་ནད་འགོག་གཞི་རྒྱུའི་ཨང་རིམ་དབྱེ་ཞིབ་ཐུབ་པ་རེད།